ཐ་མལ་བའི་འཆི་ཁའི་ངོ་སྤྲོད་ཁྱད་པར་དུ་འཕགས་པ།

༄༅།།ཐ་མལ་བའི་འཆི་ཁའི་ངོ་སྤྲོད་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་འགྲེལ་བ་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ།

བསེ་དགོན་མཁན་པོ་ཀུན་དགའ་ཚོགས་མཆོག

འདི་ལ་ཀླད་དོན་དང་། གཞུང་དོན་དང་། མཇུག་དོན་གསུམ་ལས།

དང་པོ་ལ་ཕྱག་བྱ་བ་དང་སྙན་གསན་ཞུ་བ་དང་གཉིས་ལས།

དང་པོ་ཕྱག་བྱ་བ་ནི།
ན་མོ་ལོ་ཀེ་ཤྭ་ར་ཡ། ཞེས་པ་ནི། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ་ཐ་མལ་བའི་འཆི་ཁའི་ངོ་སྤྲོད་འདི་མཛད་པ་པོ ༧ ཇོ་ནང་ལོ་ཙཱ་བ་ཀུན་སྤངས་ཆེན་པོ་བྱང་སེམས་ཆོས་གྲགས་དཔལ་བཟང་པོས་བསྟན་བཅོས་མཛད་པའི་ཐོག་མར་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་ལ་ཕྱག་མཛད་པ་ཡིན།

བསྟན་བཅོས་འདི་ལ་ཤོ་ལོ་ཀ་བཅུ་བཞི་དང་ཕྱེད་ཡོད་ལ།
ཐོག་མར་ཚིགས་སུ་བཅད་པ་གཅིག་གིས་རྒྱལ་བ་འོད་དཔག་མེད་འཁོར་བཅས་ལ་སྙན་གསན་ཞུ་བ་ནི།
ནུབ་ཕྱོགས་རྒྱལ་བའི་ཞིང་ཁམས་བདེ་བ་ཅན། །
དེར་བཞུགས་རྫོགས་པའི་སངས་རྒྱས་འོད་དཔག་མེད། །
སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས། །
རྒྱལ་བ་སྲས་བཅས་བདག་ལ་དགོངས་སུ་གསོལ། །

ཞེས་གསུངས་ཏེ། དེའི་དོན་ནི། མི་མཇེད་འཇིག་རྟེན་གྱི་ཁམས་འདི་ནས་ནུབ་ཀྱི་ཕྱོགས་སུ་གྲངས་མེད་པའི་འཇིག་རྟེན་ཁམས་མང་པོའི་ཕ་རོལ་ན།སངས་རྒྱས་འོད་དཔག་མེད་ཀྱིས་སློབ་ལམ་གྱི་དུས་དམ་བཅས་པ་སྟེ། སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ཞེས་བྱ་བའི་སྤྱན་སྔར་བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བའི་སྐྱེ་བ་བཞེས་སྐབས་སྨོན་ལམ་ཆེན་པོ་བཞི་བཅུ་ཞེ་དགུ་མཛད་པར། ད་ལྟ་སྔོན་གྱི་སྨོན་ལམ་བཏབ་པ་ཡོངས་སུ་གྲུབ་པའི་ཞིང་ཁམས་ནུབ་ཕྱོགས་བདེ་བ་ཅན་ཞེས་བྱ་བ་མཛེས་ཤིང་ཡིད་དུ་འོང་བ། བཀྲེས་སྐོམ་ལ་སོགས་པ་སྡུག་བསྔལ་ཅུང་ཟད་ཙམ་ཡང་མེད་པ་མ་ཟད་སྡུག་བསྔལ་གྱི་མིང་ཙམ་ཡང་མེད་པ། མལ་ཆ་དང་སྨན་དང་གོས་དང་ལྷུང་བཟེད་ལ་སོགས་པ་དགོས་པའི་ཡོ་བྱད་ཐམས་ཅད་གཅིག་ཀྱང་བསྒྲུབ་མི་དགོས་པར་ཡིད་ལ་བསམ་པ་ཙམ་གྱིས་འབྱུང་བ། རིན་པོ་ཆེའི་གསེར་གྱི་ས་གཞི་མནན་ན་ནེམ་པ། བཏེགས་ན་འཕར་བ། རིན་པོ་ཆེའི་ལྗོན་ཤིང་ལ་སངས་རྒྱས་ཀྱི་སྤྲུལ་བའི་བྱ་རིགས་སྣ་ཚོགས་ཀྱིས་སྙན་པའི་སྒྲ་དང་ཆོས་ཀྱི་སྒྲ་སྒྲོག་པ། ཆུ་མཚོ་ལྗོན་ཤིང་མེ་ཏོག་གི་ཚལ་སྣ་ཚོགས་མངོན་པར་བཀྲ་བ། ལས་དབང་གིས་འཁོར་བའི་གནས་སུ་སླར་སྐྱེ་བ་དང་འཆི་བ་ནི་ནམ་ཡང་མེད་པའི་དག་པའི་ཞིང་ཁམས་ཤིག་ཡོད། ཞིང་ཁམས་དེ་རུ་རང་ཅག་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་སངས་རྒྱས་ཡིད་ལ་བྱེད་པ་དང་མཚན་བཟུང་བ་སོགས་ཀྱིས་ཞིང་དེ་རུ་སྐྱེ་ནུས་པ་ཡིན་ཏེ། ཀུན་མཁྱེན་ཇོ་ནང་བ་ཤེས་རབ་རྒྱལ་མཚན་གྱིས། ད་ནི་ལོག་རྟོག་དང་ཐེ་ཚོམ་བསལ་བ་ཡང་བརྗོད་པར་བྱ་སྟེ། བདེ་བ་ཅན་དུ་སོ་སོའི་སྐྱེ་བོ་མི་སྐྱེ་བས་ད་ལྟ་སོ་སོའི་སྐྱེ་བོར་ཡོད་པ་རྣམས་ཀྱིས་འབད་ཀྱང་དེར་མི་སྐྱེའོ།། ཞེས་འདོད་པ་ནི། ལོག་རྟོག་དང་ཐེ་ཚོམ་སྐྱེ་བའི་གནས་མ་ཡིན་པ་ལ་སྐྱེ་བར་འགྱུར་བས་སེམས་ཅན་ལ་གནོད་པར་འགྱུར་ཏེ། དེ་ནི་དགེ་སློང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབྱུང་གནས་ཀྱི་སྨོན་ལམ་བཞི་བཅུ་རྩ་དགུའི་ནང་ནས་བཅོ་བརྒྱད་པས་ལེགས་པར་བསལ་ཏེ། ཞེས་སོགས་དང་། འོད་མདོ་ལས། བཅོམ་ལྡན་འདས་གལ་ཏེ་བདག་བྱང་ཆུབ་ཐོབ་པའི་ཚེ། སངས་རྒྱས་ཀྱི་ཞིང་གྲངས་མ་མཆིས་པ་དཔག་ཏུ་མ་མཆིས་པ་དག་ན་སེམས་ཅན་གང་དག་གིས་བདག་གི་མིང་ཐོས་ནས། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ་སེམས་གཏོང་ཞིང་དགེ་བའི་རྩ་བ་རྣམས་ཀྱང་ཡོངས་སུ་བསྔོ་བར་བགྱིད་ན་མཚམས་མ་མཆིས་པར་བགྱིད་པ་དང་། དམ་པའི་ཆོས་སྤང་བའི་སྒྲིབ་པས་བསྒྲིབས་པའི་སེམས་ཅན་རྣམས་མ་གཏོགས་པར་དེ་དག་ཐ་ན་སེམས་བསྐྱེད་པའི་འགྱུར་བ་བཅུས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་མ་གྱུར་པ་དེ་སྲིད་དུ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ།། ཞེས་གསུངས་པ་ལྟར། ཆོས་སྤང་དང་མཚམས་མེད་ཀྱི་ལས་བསགས་པ་མ་གཏོགས་པའི་སོ་སོའི་སྐྱེ་བོས་ཀྱང་བདེ་ཆེན་ཞིང་དུ་སྐྱེ་བར་འདུན་པ་གཏད་ནས་དགེ་ཚོགས་བསྒྲུབས་ན། ཚེགས་ཆུང་ངུས་འགྲུབ་པ་ནི་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་མཐུར་བལྟ་བར་བྱའོ།། དག་པའི་ཞིང་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། རབ་བྱུང་དགེ་སློང་གི་ཆས་ཅན་ཆོས་གོས་རྣམ་གསུམ་གསོལ་ཞིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྐུ་གཟི་བརྗིད་དང་ལྡན་པ་ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་སངས་རྒྱས་དེའི་སྐུའི་འོད་ཀྱིས་སྣང་བར་མཛད་པ་ནི། འོད་དཔག་ཏུ་མེད་པ་དང་། སྣང་བ་དཔག་ཏུ་མེད་པ་དང་། འོད་ཐུག་པ་མེད་པ་སོགས་ཡིན་པས་ན་འོད་དཔག་མེད་དང་། སྐུ་ཚེ་བགྲང་ལས་འདས་པས་ན་ཚེ་དཔག་མེད་ཅེས་མཚན་གསོལ་བ་ཡིན་གསུངས། སངས་རྒྱས་འོད་དཔག་མེད་ཀྱི་གཡས་སུ་འཁོར་གྱི་གཙོ་བོ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ལོངས་སྤྱོད་རྫོགས་པའི་ཆས་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡོན་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་ཞབས་གཉིས་བཞེངས་སྟབས་ཀྱིས་བཞུགས་པ། གཡོན་དུ་རྒྱལ་བའི་སྲས་ཀྱི་ཐུ་བོ་མཐུ་ཆེན་ཐོབ་སྐུ་མདོག་སྔོན་པོ། ཕྱག་གཡོན་པས་རྡོ་རྗེས་མཚན་པའི་པདྨ་སྔོན་པོ་དཀོན་མཆོག་གི་ཕྱག་རྒྱས་ཐུགས་ཀར་འཛིན་ཅིང་ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ་ལོངས་སྐུའི་ཆས་ཅན། སྐུ་བཞེངས་སྟབས་ཀྱིས་བཞུགས་པའོ།། དེ་ལྟ་བུའི་གཙོ་བོ་གསུམ་དང་། གཞན་འཁོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་དང་། ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་པ་དག་གིས་བསྐོར་ནས་བཞུགས་པ་དག་སྟེ། མདོར་ན་ཞིང་ཁམས་དེ་ན་བཞུགས་པའི་རྒྱལ་བ་འོད་དཔག་མེད་སྲས་བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ་ཕྲག་དང་། ཉན་ཐོས་དགྲ་བཅོམ་པའི་འཁོར་གྲངས་མེད་པ་དང་བཅས་པ་བདག་བཙུན་པ་ཆོས་གྲགས་དཔལ་དང་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། ཞེས་པའོ།། དགོངས་སུ་གསོལ། ཅེས་པ་ནི་ཐུགས་དགོངས་གཏོད་ཅིག་ཅེས་པའི་དོན་ཏེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། དགོངས་སུ་གསོལ་ཞེས་བྱ་བ་ནི་སེམས་གཏོད་ཅིག་ཅེས་བྱ་བའོ།། ཞེས་གསུངས།

དོན་བསྡུ་ན། རྟེན་རྣམ་དག་བདེ་ཆེན་ཞིང་ཁམས་ཀྱི་བཀོད་པ་དང་། བརྟེན་པ་རྒྱལ་བ་འོད་མཚན་སྟོང་འབར་འཁོར་དང་བཅས་པ། འཕགས་པ་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་། འཕགས་པ་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་མདོ་སྟེ། འོད་མདོ་ཆེ་ཆུང་སོགས་ལས་གསལ་བར་བསྟན་པ་ལྟར་ཡིད་ལ་བྱས་ཏེ་ཞུ་བ་འབུལ་བའམ་སྙན་གསན་ཞུས་པའོ།། དོན་དེ་མཐུན་པར། ཇི་སྐད་དུ

བདེ་བ་ཅན་གྱི་ཞིང་ན་འགྲོ་བའི་སྐྱབས།།
ལྗོན་པའི་དབང་བོའི་དྲུང་ན་འོད་དཔག་མེད།།
རྒྱ་ཆེན་འཁོར་གྱི་དབུས་ན་བརྗིད་པའི་སྐུ།།
མཐའ་ཡས་བསོད་ནམས་ཕུང་པོ་ཁྱོད་ལ་འདུད།།
ཅེས་གསུངས་པ་ལྟར་རོ།།
གཉིས་པ་གཞུང་དོན་ལ།
ཡང་ངོ་སྤྲོད་དེ་ལས།
འགྲོ་ཀུན་ཚེ་ཟད་རི་གཟར་འབབ་ཆུ་བཞིན། །
སྐད་ཅིག་མི་སྡོད་འཆི་བདག་གནས་སུ་འགྲོ། །

ཞེས་གསུངས་པ་འདིས་ཚེ་མི་རྟག་པ་བསྟན་ཏེ། ལས་དང་ཉོན་མོངས་བའི་དབང་གིས་རིགས་དྲུག་གང་རུང་དུ་དབང་མེད་དུ་འཁོར་བའི་འགྲོ་བ་སེམས་ཅན་ཀུན་གྱི་ཚེ་དང་སྲོག་ནི་རི་གཟར་གྱི་འབབ་ཆུ་ཐུར་དུ་རྒྱུག་པ་བཞིན་དུ། རང་ཅག་ནི་ཐུང་མཐའི་སྐད་མ་གཅིག་ཙམ་གྱི་ཡུན་ལ་ཡང་མི་སྡོད་པར་འཆི་བདག་གཤིན་རྗེའི་དྲུང་དུ་གོམ་པ་རེ་རེ་སྤོས་ནས་འགྲོ་བཞིན་ཡོད་པས་འཆི་བདག་གཤིན་རྗེ་ནི་ཉི་རྒས་གྲིབ་སོ་བཞིན་དུ་རང་དང་ཇེ་ཉེ་ཇེ་ཉེ་ཡིན་པར་བསྟན།

དོན་བསྡུ་ན། ཇི་སྐད་དུ།
སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ།
ཞེས་གསུངས་པ་ལྟར་རོ།།
ཡང་དེ་ལས།
སྔོན་ལས་འཕྲལ་རྐྱེན་འཛོམས་པའི་ནད་ཀྱིས་ཐེབས། །
འཆི་བའི་ལམ་ཞིག་ཚེ་ན་ཐུགས་རྗེས་ཟུངས། །
ཞེས་གསུངས་ཏེ། རང་འཆི་བདག་དང་ཉི་མ་རེ་རེ་དུས་ཚོད་རེ་རེ་སྐར་ཆ་རེ་རེར་ཇེ་ཉེ་ཇེ་ཉེར་ཕྱིན་པ་དེའི་སྟེང་དུ། སྐྱེ་བ་སྔོན་མ་ནས་སྔོན་མར་བསགས་པའི་ལས་ངན་པའི་འབྲས་བུ་དང་། འཕྲལ་བྱུང་འགལ་རྐྱེན་མང་པོ་འཛོམས་ནས་ཤིན་ཏུ་གཅེས་ཤིང་ཁབ་རྩེ་ཙམ་ཡང་རེག་མི་བྲ་བའི་ལུས་པོ་འདི་ལ། མི་འདོད་པའི་ནད་སྣ་ཚོགས་ཀྱིས་ཐེབས་ཏེ། འཆི་བའི་ལམ་ཆེན་ལ་ཞུགས་གྲབ་བྱེད་པའི་ཚེ་ན། དེ་ཐབས་གང་གིས་ཀྱང་བཟློག་ཏུ་མེད་ཏེ། སྲོག་གཅོད་ཀྱི་ནད་དེ་འཚོ་བྱེད་ཀྱི་སྨན་པས་མི་སོས། འཆི་བདག་གི་གཤིན་རྗེ་ནི་གཟའ་ཁྱབ་འཇུག་གི་མདུང་ཐུང་གིས་མི་བཟློག ལས་ཀྱི་རྣམ་པར་སྨིན་པ་ནི་དཔལ་ཕྱག་ན་རྡོ་རྗེའི་ནུས་པས་ཀྱང་མི་ཁོག འདི་ལྟར་འཆི་བ་མགོ་ཐོག་ཏུ་བབས་ཚེ། ཟས་ཀྱི་ཟ་འཕྲོ། གོས་ཀྱི་གྱོན་འཕྲོ། ལས་ཀྱི་བྱེད་འཕྲོ་ལ་སོགས་པ་ཤུལ་དུ་བསྐྱུར། གཅེས་པའི་ལུས་འདི་ཡང་མལ་དུ་བསྐྱུར། བརྩེ་བའི་ཕ། བྱམས་པའི་མ། སྙིང་སྡུག་གི་བུ་དང་ཆུང་མ། སྡོད་སའི་ཁང་ཁྱིམ། བསགས་པའི་ནོར་ཐམས་ཅད་མིག་གིས་ལྟ་དབང་ཙམ་ཡང་མེད་པར་ཅམ་གྱིས་བཞག་སྟེ་འགྲོ་བའི་དུས་སུ། བདག་རེ་ས་སྐྱབས་གནས་རྒྱལ་བ་འོད་དཔག་མེད་ཁྱེད་ལས་མེད་པས་ཐུགས་བརྩེ་བས་རྗེས་སུ་ཟུངས་ཤིག་ཅེས་རེ་འབོད་ཞུས་པ་ཡིན། འདིས་མི་ཡི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ན་བའི་སྡུག་བསྔལ་སྤྱིར་བསྟན་པ་ཡིན།

དོན་དེ་དང་མཐུན་པར། ཇི་སྐད་དུ།
མྱ་ངན་ཤུགས་ཀྱིས་སྐྲང་བ་ཡི།།
མིག་དམར་གདོང་ལས་མཆི་མ་འཛག།
ཉེ་དུ་རེ་ཐག་ཆད་པ་དང་།།
གཤིན་རྗེའི་ཕོ་ཉའི་བཞིན་ལ་ལྟ།།
ཞེས་དང་།
སྨན་པས་བོར་ཞིང་རིམ་གྲོས་བཟློག་ཏུ་མེད་།།
གཉེན་རྣམས་གསོན་དུ་རེ་བའི་རེ་ཐག་ཆད།།
རང་ཉིད་ཅི་བྱ་གཏོལ་མེད་གྱུར་བའི་ཚེ།།
བླ་མའི་གདམས་ངག་དྲན་པར་བྱིན་གྱིས་རློབས།།
ཞེས་གསུངས་པ་ལྟར་རོ།།
ཡང་དེ་ལས།
བ་སྤུ་གྱེན་ལངས་བཤང་གཅི་མལ་དུ་ཤོར། །
ཟས་སྐོམ་ཞེན་ལོག་སྐོམ་གྱི་སྲེད་པ་འཕེལ། །
ལུས་བསྐྱོད་མི་ནུས་སེམས་ལ་གྱ་གྱུ་ལངས<མང>། །
མི་བཟོད་སྡུག་བསྔལ་གདུང་ཚེ་ཐུགས་རྗེས་ཟུངས། །
ལུས་པོ་ཤ་ཞི་པགས་པའི་མདངས་ཀྱང་སྐམ། །
དཔྱི་རྡོལ་རོ་ཉལ་མལ་ནས་ལྡང་མི་ནུས། །
སྐྲ་འཛིངས་སྐད་འདར་མགོ་པོ་ཁྱོག་པ་དཀའ། །
འཆི་བའི་སྡུག་བསྔལ་བྱུང་ཚེ་ཐུགས་རྗེས་ཟུངས། །
རིག་རིག་མིག་གཉིས་གྱེན་བགྲད་དཀར་ཤས་ཆེ། །
ངར་ངར་དབུགས་ཀྱི་འཕྲེང་བ་ཕྱིར་འགྲོ་ཞིང་། །
སྟན་འཇམ་རྩུབ་ཅིང་ལུས་ལ་དྲི་ངན་བྲོ། །
གཞན་གྱིས་ཞེན་པ་ལོག་ཚེ་ཐུགས་རྗེས་ཟུངས། །

ཞེས་གསུངས་ཏེ། ཤོ་ལོ་ཀ་འདི་གསུམ་གྱིས་མིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ན་བའི་སྡུག་བསྔལ་བྱེ་བྲག་ཏུ་བཤད་པ་རེད། དེ་ཡང་ལུས་པོའི་ནང་གི་ཤ་ལྤགས་རུས་པ་རྩ་རྒྱུས་སོགས་གཟུགས་རགས་པ་སྲ་བའི་རིགས་རྣམས་སའི་འབྱུང་བ་དང་། ཁྲག་དང་ཆུ་སེར་རྣག་སོགས་བརླན་གཤེར་གྱི་རིགས་རྣམས་ཆུའི་འབྱུང་བ་དང་། ལུས་ཀྱི་དྲོད་མེའི་འབྱུང་བ་དང་། དབུགས་དང་ལུས་ཀྱི་ནང་གི་རླུང་ཕྲ་མོ་རྣམས་རླུང་གི་འབྱུང་བ་དང་ནམ་མཁའ་དང་རྣམ་ཤེས་ཏེ་ཁམས་དྲུག་ལས། ལུས་འདིའི་འབྱུང་བ་དེ་དག་ཆ་མ་སྙོམ་པ་ལས་རླུང་འཁྲིས་བད་ཀན་སོགས་ནད་རིགས་གང་དང་གང་གིས་གཟིར་བས་སྡུག་བསྔལ་གྱི་ཚོར་བ་རང་གཅིག་པུས་མྱོང་ཞིང་། ཟུག་གཟེར་ཚབ་ཆེན་གྱིས་བཏབ་པ་ན་བྱེའུ་ལ་རྡོ་ཕོག་པ་བཞིན་དུ་ལུས་ཀྱི་སྟོབས་ཤོར། ལུས་ཀྱི་བ་སྤུ་ཚང་མ་གྱེན་དུ་ལངས། བཤང་བ་དང་གཅི་བ་དབང་མེད་དུ་མལ་སའི་ནང་དུ་ཤོར། ཟས་ཞིམ་པོ་ཅི་ཙམ་སྦྱིན་ཡང་བཏུང་བ་ཞིམ་པོ་ཅི་ཙམ་ལྡུད་ཅིང་ཟས་དང་སྐོམ་ལ་ཞེན་པ་ལོག་པའམ་ཡི་ག་འགག་ནས་ཕྱིར་སྐྱུག་པའམ་ཟས་ཁམ་གང་ཙམ་ཡང་མིད་པ་ནས་མི་འགྲོ། འོན་ཀྱང་མཚམས་རེར་སྐོམ་སྣང་གི་སྲེད་པ་འཕེལ་ནས་བཏུང་བ་ཁ་ནས་འཐུང་ཡང་སྣ་བུག་ནས་ཕྱིར་འབུད། ལུས་འགུལ་བསྐྱོད་མི་ནུས་ཀྱང་སེམས་ལ་དུས་གསུམ་གྱི་བྱ་བ་སྣ་ཚོགས་དྲན་ནས་སྐྲག་འཚེར་གྱི་གྱ་གྱུ་མང་པོ་ལངས། སྡུག་བསྔལ་དངོས་སུ་མྱོང་ན་ལྟ་ཅི་གཞན་གྱིས་མཐོང་ན་ཡང་མི་བཟོད་པའི་ཉམ་ཆུང་བའི་ལུས་པོ་འདི་སྡུག་བསྔལ་ཤུགས་དྲག་པོས་གདུང་ཞིང་མནར་བའི་ཚེ་ན་རྒྱལ་བ་འོད་དཔག་མེད་ཀྱིས་ཐུགས་བརྩེ་བས་རྗེས་སུ་ཟུངས་ཤིག་ཅེས་དང་། དེ་ལྟར་མི་འདོད་ནད་གྱིས་ཡུན་རིང་དུ་མནར་བས་སྔོན་གཅེས་ཤིང་མཛེས་པའི་ལུས་པོ་འདིའི་ཤ་ཞི་ཞིང་སྐམ་རིད་དུ་གྱུར་ནས་རུས་གོང་རྣམས་འབར་འབུར་དུ་དོད། པགས་པའི་མདངས་ཀྱང་ཉམས་ནས་སྐྱ་ཉིལ་སྔོ་ཉིལ་མཐོང་ན་མི་བདེ་བ་ཞིག་ཏུ་གྱུར། ཡུན་རིང་པོར་མལ་གྱི་གཏིང་དུ་ལོག་པས་དཔྱི་གཡས་གཡོན་གཉིས་ཀྱི་པགས་པ་བརྡོལ་ནས་ཁྲག་དང་ཆུ་སེར་འཛག གཡའ་དྲི་དང་སྐྱུར་དྲི་སྣ་ལ་གཟན་པ་བྱུང་། ལུས་ནི་མི་ཤི་བའི་རོ་ལྟར་ཉལ་བ་ལས་མལ་ནས་ལྡང་མི་ནུས། ལུས་ཀྱི་ཁ་འཁོར་ཕྱོགས་ཙམ་བརྗེ་དགོས་ཚེ་ཡང་གཞན་གྱིས་བསྒྱུར་དགོས་པ་ལས་རང་ཉིད་འཁོར་མི་ནུས། སྐྲ་ནོགས་ཤིང་འཛིངས་ལ་སྐད་ངག་འདར་འདར་ལྡབ་ལྡིབ་སྨྲ་བ་གཞན་གྱིས་མི་གོ མགོ་བོ་ཐུར་དུ་གུག་ནས་སྡོད་པ་ལས་གྱེན་དུ་ཁྱོག་པ་དཀའ། ཚེ་འདིའི་ལུས་དང་བྲལ་ནས་མིང་ཙམ་ཡང་ཐོས་ན་མི་འདོད་པའི་འཆི་བ་ཞེས་པའི་སྡུག་བསྔལ་བཟོད་དུ་མེད་པ་བྱུང་བའི་ཚེ། བདག་སོགས་ཉམ་ཐག་པའི་འགྲོ་བ་ཀུན་ཐུགས་བརྩེ་བས་རྗེས་སུ་ཟུངས་ཤིག་རྒྱལ་བ་འོད་དཔག་མེད་པ་མཁྱེན་ཞེས་པ་དང་། དེ་ལྟར་མཚན་མོ་གཉིད་མིད་འོང་། ཉིན་པར་ཉིན་རིང་། མཚན་མོ་མཚན་རིང་། གཉེན་བཤེས་ཉེ་དུ་རྣམས་ཀྱིས་གསོན་དུ་རེ་ཐག་ཆད་ན་ཡང་། རང་ཉིད་མ་ཤི་གསོན་དུ་རེ་ནས་རིག་རིག་མིག་གཉིས་གྱེན་དུ་བགྲད་དེ་དཀར་པོ་ཤས་ཆེ་བ་སྟེ་སྐྱ་ལོག་གེ་ཅེར། གཅིག་ཐོག་གཅིག་བརྩེགས་ལྟ་བུའི་ངར་ངར་དབུགས་ཀྱི་འཕྲེང་བ་ནི་ཕྱིར་འགྲོ་ཞིང་ནང་དུ་སྡུད་དཀའ། མལ་སྟན་འཇམ་པོ་ཡང་རྩུབ་སྣང་དང་གོས་ཡང་མོ་ལྗིད་སྣང་སྐྱེ། ལུས་ལས་དྲི་ངན་ཆིལ་ལི་ལི་བྲོ་ཞིང་གཞན་ཕལ་བ་མ་ཟད་རང་གི་མཐའ་སྐོར་བའི་གཉེན་བཤེས་ཚོགས་ཀྱིས་ཀྱང་ཞེན་པ་ལོག རང་ལ་སྣང་བ་གང་བྱུང་འཇིགས་སྐྲག་དང་། ཚོར་བ་གང་བྱུང་སྡུག་བསྔལ་སྐྱེ། རང་གིས་སྔར་བྱས་ལ་འགྱོད་ཅིང་སྙིང་ལ་ཟུག་གཟེར་སྐྱེས་ཏེ། བྲང་ལ་སྦར་མོ་འཐམ་ཅིང་སེན་རྗེས་ཀྱིས་བཀང་བ་དེ་འདྲའི་དུས་བྱུང་བའི་ཚེ་ན་རྒྱལ་བ་འོད་དཔག་མེད་ཁྱེད་ཀྱི་ཐུགས་བརྩེ་བས་རྗེས་སུ་ཟུངས་ཤིག་ཅེས་པའོ།།

དོན་དེ་དང་མཐུན་པར། ཇི་སྐད་དུ།
འགྱུ་བའི་དབུགས་ཀྱང་ཆད་ལ་ཉེ་བ་དང་།།
ཁམ་གཅིག་ཟོས་པའང་དང་གར་མི་འོང་ཞིང་།།
རང་གིས་རང་ལ་ཡིད་ཆད་བྱེད་པ་དང་།།
གྲོགས་དང་གཉེན་ལ་རེ་ཐག་ཆད་པའི་དུས།།
གཟིགས་ཤིག་གཟིགས་ཤིག་ད་ལྟ་བྱིན་གྱིས་རློབས།།
ཞེས་གསུངས་པ་དང་མཚུངས་བའོ།།
ཡང་དེ་ལས།
ས་རླུང་ཆུ་ལ་ཐིམ་ཚེ་ལུས་པོ་ཉམས། །
དུ་བ་འཚུབ་མ་ལྟ་བུའི་འཇིགས་པ་ཤར། །

འཁྲུལ་སྣང་ངོ་ཤེས་དྲན་ངོ་ཟིན་གྱུར་ནས། །
སངས་རྒྱས་རིན་ཆེན་འབྱུང་ལྡན་ཞལ་མཐོང་ཤོག །
ཆུ་རླུང་ནུས་པ་མེ་ལ་ཐིམ་པའི་ཚེ། །
ཁ་སྣ་སྐམ་ཞིང་སོ་རྩི་<གཙིགས>ལྕེ་དབང་ཆུང་<འཁུམ>།།
འཇིགས་རུང་ཆུ་ཡིས་ཁྱེར་བའི་སྣང་བ་ཤར། །
སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཤོག །
མེ་ཁམས་ནུས་པ་རླུང་ལ་ཐིམ་པའི་ཚེ། །
ལུས་ཀྱི་དྲོད་ཡལ་རྩ་ཁམས་མཐའ་ནས་སྡུད། །
འཇིགས་རུང་མེ་ཡིས་ཚིག་པའི་སྣང་བ་ཤར། །
<འཇིགས་རུང་མེ་ལྕེས་ཁྱབ་པའི་སྣང་བ་ཤར>
སངས་རྒྱས་འོད་དཔག་མེད་པའི་ཞལ་མཐོང་ཤོག །
རླུང་གི་ནུས་པ་མཁའ་ལ་ཐིམ་པའི་ཚེ། །
ཕྱི་ནང་རླུང་གཡུག་དེད་པའི་སྣང་བ་ཤར། །
ཕྱི་དབུགས་ཆད་ཅིང་བཤང་གཅི་སྟན་ལ་ཤོར། །
སངས་རྒྱས་དོན་ཡོད་གྲུབ་པའི་ཞལ་མཐོང་ཤོག །

ཅེས་གསུངས་པ་འདིས། ཐ་མལ་བ་འཆི་བའི་ཚེ་འབྱུང་བ་དེ་དག་ཐིམ་སྡུད་དང་རྟགས་བྱུང་ཚུལ་གྱི་རིམ་པ་བཤད་པ་ཡིན། དེ་ཡང་། ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་རྣམ་ཤེས་སམ་ནམ་མཁའ་ལ། རྣམ་ཤེས་སྣང་བ་ལ། སྣང་བ་མཆེད་པ་ལ། མཆེད་པ་ཉེར་ཐོབ་ལ། ཉེར་ཐོབ་འོད་གསལ་ལ་ཐིམ་པ་དང་བརྒྱད་ཡོད། ལུས་ཀྱི་ཕྱི་ནང་གི་ས་རླུང་ངམ་ས་ཆུ་ལ་ཐིམ་པའི་ཚེ་ཕྱི་རྟགས་སུ་ལུས་ཉམས་ཤིང་ལུས་སྟོབས་ཤོར། ཡན་ལག་ཕྲ་རུ་འགྲོ་འགུལ་སྐྱོད་མི་ནུས། ལུས་ས་འོག་ཏུ་བྱིང་སྙམ་བྱེད་ཅིང་ཡར་འཐེན་ཟེར་བ་སོགས་བྱུང་། ནང་རྟགས་སུ་ཡིད་ངོར་དུ་བ་འཚུབ་མ་ལྟ་བུའི་བན་བུན་ལང་ལོང་དུ་འཆར་བ་འབྱུང་བ་སོགས་འཁྲུལ་སྣང་ཡིན་པ་ངོ་ཤེས་ཤིང་དྲན་པ་རང་ངོ་ཟིན་ནས། སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་དགྱེས་ཞལ་མྱུར་དུ་མཐོང་བར་ཤོག་ཅིག་ཅེས་པའོ།། ས་ཐིམ་ཞེས་པ་ནི་ལུས་ཀྱི་ས་སོགས་གཏན་མེད་དུ་འགྲོ་བ་མ་ཡིན་པར་ལུས་ཀྱི་ས་ཁམས་ཀྱིས་ཤེས་པའི་རྟེན་མི་བྱེད་པ་སོགས་ལ་བཤད་པ་ཡིན། ས་ཐིམ་པ་ལ་ས་ཆུ་ལ་ཐིམ་པ་ཞེས་བརྗོད་པའང་སས་ཤེས་པའི་རྟེན་མི་བྱེད་པར་དེ་དུས་སུ་ཆུས་ཤེས་པའི་རྟེན་བྱེད་པའི་དོན་ཡིན་པ་ལྷག་མ་རྣམས་ཀྱང་འདྲ། སྤྱིར་ལུས་ཀྱི་འབྱུང་བཞིས་ཤེས་པའི་རྒྱུན་གནས་པའི་རྟེན་བྱེད་པ་ལ། འཆི་ཚེ་དེ་ལྟར་མི་བྱེད་པར་ལུས་སེམས་སོ་སོར་གྱེས་པ་ཡིན་གསུངས། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་སུ་ཁ་ཆུ་སྣ་ཆུ་སོགས་སྐམ་པ་དང་གྲེ་ཕུག་སྐམ་ཆམ་གྱིས་འགྲོ། ཡ་མཆུ་བརྫེ་བ་དང་། སོ་འཐམས་འཐམས་སུ་གཙིགས་པ། ལྕེ་དབང་འཁུམ་ཞིང་ལྕེ་ལོག་ལོག་ཏུ་འགྲོ་བ་སོགས་བྱུང་། ནང་རྟགས་སུ་ཤེས་པ་སྨིག་རྒྱུ་ལྟར་གཡོ་ཞིང་མི་བརྟན་པ་དང་འཇིགས་སུ་རུང་བའི་ཆུ་བོར་གཡེང་ཞིང་ཆུས་ཁྱེར་བའི་སྣང་བ་ཤར་བའི་ཚེ་ན། སངས་རྒྱས་རྡོ་རྗེ་སེམས་དཔའི་དགྱེས་ཞལ་མྱུར་དུ་མཐོང་བར་ཤོག་ཅིག་ཅེས་དང་། དེ་རྗེས་མེ་ཁམས་རླུང་ལ་ཐིམ་པའི་ཚེ། ཕྱི་རྟགས་སུ་ལུས་ཀྱི་དྲོད་མཐའ་ནས་བསྡུས་པས་ལུས་གྲང་། དེ་ཡང་མཐོ་རིས་སུ་སྐྱེ་རྟགས་དྲོད་རྐང་མཐིལ་ནས་ཡར་སྤྱི་བོའི་བར་དང་། ངན་སོང་སུ་སྐྱེ་རྟགས་དྲོད་སྤྱི་བོ་ནས་མར་རྐང་མཐིལ་བར་བསྡུ་འགྲོ། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུའམ་མེ་སྟག་དམར་ཚིག་ཚིག་དཔག་ཏུ་མེད་པ་འཐོར་བའམ་སྟོང་གསུམ་ཐམས་ཅད་མེ་ལྕེས་གང་ནས་འཇིགས་སུ་རུང་བའི་མེ་ཡིས་ཚིག་པ་ལྟ་བུའི་སྣང་བ་འབྱུང་བའི་ཚེ་ན། སངས་རྒྱས་འོད་དཔག་མེད་ཀྱི་དགྱེས་ཞལ་མྱུར་དུ་མཐོང་བར་ཤོག་ཅིག་ཅེས་པའོ།། ཡང་རླུང་རྣམ་ཤེས་སམ་རླུང་ནམ་མཁའ་ལ་ཐིམ་པའི་ཚེ། ཕྱི་རྟགས་སུ་དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཤེས་པར་ཁ་དང་སྣ་བུག་ནས་རླུང་རྒྱུ་བ་འགག་འགྲོ་བ་ནི་ཕྱི་དབུགས་ཆད་པ་དང་། བཤང་གཅི་རྣམས་སྟན་ལ་ཤོར། ནང་རྟགས་སུ་བསྐལ་བ་འཇིགས་དུས་ཀྱི་རླུང་ལྟ་བུ་རླུང་གཡུག་ཅིང་རླུང་གིས་དེད་པའི་སྣང་བ་ཤར། རྒྱུད་གཞན་ལྟར་ན་རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་རྟགས་སུ་དབུགས་ཀྱི་རྒྱུ་བ་ཆད་ཅིང་ནང་རྟགས་སུ་རླུང་གིས་མ་གཡོས་པའམ་རླུང་མེད་པའི་མར་མེ་འབར་བ་ལྟ་བུའི་སྣང་བ་འབྱུང་། དེ་ལྟ་བུའི་ཚེ་ན་སངས་རྒྱས་དོན་ཡོད་གྲུབ་པའི་དགྱེས་ཞལ་མྱུར་དུ་མཐོང་བར་ཤོག་ཅིག་ཅེས་པའོ།། འབྱུང་བ་ཐིམ་རིམ་འདི་རྣམས་རང་བཞིན་གྱིས་འཆི་བ་ལ་མ་གཏོགས། མེས་འཚིགས་པ་དང་ཆུར་བྱིང་བ་གཡེང་ལས་ལྷུང་བ་སོགས་གློ་བུར་གློ་བུར་དུ་འཆི་བ་རྣམས་ལ་དེ་འདྲའི་ངེས་པ་མེད་དོ།།

རྒྱལ་བ་རིགས་ལྔ་ནི། མི་བསྐྱོད་པ་སྐུ་མདོག་སྔོན་པོ་ས་གནོན་དང་མཉམ་བཞག་མཛད་པ། རིན་འབྱུང་སེར་པོ་མཆོག་སྦྱིན་དང་མཉམ་བཞག་མཛད་པ། སྣང་བ་མཐའ་ཡས་དམར་པོ་ཕྱག་གཉིས་མཉམ་བཞག་མཛད་པ། དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་དང་མཉམ་བཞག་མཛད་པ། རྣམ་སྣང་དཀར་པོ་བྱང་ཆུབ་ཀྱི་ཕྱག་རྒྱ་མཛད་པ། རྒྱལ་བ་རིགས་ལྔ་བོ་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་ལོངས་སྐུའི་ཆ་བྱད་ཀྱི་རྒྱལ་བ་རིགས་ལྔ་དང་། སྤྲུལ་སྐུའི་ཆ་བྱད་ཀྱི་རྒྱལ་བ་རིགས་ལྔ་གང་ཡང་རུང་བར་གསུངས་སོ།།

དོན་དེ་དང་མཐུན་པར། ཇི་སྐད་དུ།
ནམ་འོང་ཆ་མེད་འཆི་བདག་དེ།།
ནམ་མཁའི་དབྱིངས་ནས་ཐོག་རྒོད་བཞིན།།
ནམ་ཙམ་འོང་ན་ཨ་ཙ་མ།།
འཆི་ཁ་ནད་གཅོད་སྡུག་བསྔལ་དེ།།
གཉེན་འདུན་མང་བོས་མཐའ་བསྐོར་ཡང་།།
བགོ་ནས་ཁུར་ཐབས་ཨེ་གདའ་ན།།
འབྱུང་བཞིའི་གཏོང་ལེན་ཐིམ་རིམ་ལ།།
ལོག་པའི་འཁྲུལ་སྣང་སྣ་ཚོགས་དེ།།
ཤེས་རིག་བཀྲ་ཡང་ཨེ་ཕན་ན།།
ཞེས་གསུངས་པ་དང་།
ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ། །
ལུས་ཀྱི་སྟོབས་ཤོར་ཁ་སྣ་བསྐམས་ཤིང་བརྫེས། །
དྲོད་བསྡུས་དབུགས་བརྩེགས་ངར་སྒྲ་འབྱིན་པའི་ཚེ། །

དགེ་སེམས་སྟོབས་ལྡན་སྐྱེ་བར་བྱིན་གྱིས་རློབས། །
ཞེས་གསུངས་པ་ལྟར་དང་།
འབྱུང་བ་ལོག་པའི་སྒྲ་བཞི་འཇིགས་སྣང་གསུམ།།
མ་ངེས་རྟགས་རྣམས་སྣ་ཚོགས་ཤར་བའི་ཚེ།།
ཕྱི་ནང་གསང་བ་སྒྱུར་བའི་རྣལ་འབྱོར་གྱིས།།
རྣམ་དག་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས།།
ཞེས་གསུངས་པ་སོགས་དང་དོན་མཐུན་པའོ།།
ཡང་དེ་ལས།
མཁའ་ཁམས་འོད་གསལ་ཉིད་ལ་ཐིམ་པའི་ཚེ། །
གཡའ་དག་མཁའ་ལ་གཡེང་པའི་སྣང་བ་ཤར། །
དེ་ཚེ་བླ་མའི་མན་ངག་དྲན་མ་ཐག །
སངས་རྒྱས་རྣམ་པར་སྣང་མཛད་ཞལ་མཐོང་ཤོག །
ཐིག་ལེ་གཉིས་དང་རིག་པ་སྙིང་ཁར་འདུས། །
རང་བཞིན་འོད་གསལ་རབ་འབྱམས་འཆར་བ་ལ། །
རྒྱུས་མེད་སྐྲག་ནས་བདུད་དང་གཤིན་རྗེར་མཐོང་། །
རང་སྣང་དགྲ་རུ་ལངས་ཚེ་ཐུགས་རྗེས་ཟུངས། །
ནང་དབུགས་ཆད་ཚེ་ཁ་སྣར་ཉི་རྡུལ་འབབས། །
བེམ་རིག་བྲལ་ནས་རྣམ་ཤེས་བར་དོར་བྱིན། །
འདྲེས་མེད་ཡུལ་དུ་རྒྱུས་མེད་སྐྱེ་བོ་འཁྱམས། །
འཇིགས་སྐྲག་སྣ་ཚོགས་འཆར་ཚེ་ཐུགས་རྗེས་ཟུངས། །
ཞེས་གསུངས་ཏེ།

ཤོ་ལོ་ཀ་འདི་གསུམ་གྱི་དོན་དཀྱུས་གཅིག་ཏུ་འཆད་པར་བྱ་སྟེ།
རྣམ་ཤེས་སམ་མཁའ་ཁམས་འོད་གསལ་ལ་ཐིམ་པའི་སྐབས་སུ། སྣང་བ། མཆེད་པ། ཐོབ་པ། ཉེར་ཐོབ། འོད་གསལ་སོགས་རིམ་གྱིས་ཐིམ་པ་སྟེ། འདིའི་སྐབས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམ་རིམ་གྱིས་འགགས་པར་གསུངས་པ་ལྟར། དང་པོར། རྣམ་ཤེས་སྣང་བ་ལ་ཐིམ་པ་འདི་དུས་སུ་སྟོན་ནམ་གཡའ་དག་པ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དཀར་ལམ་པ་འབྱུང་། སྙིང་ག་ཡན་གྱི་རོ་རྐྱང་གི་རླུང་ཐམས་ཅད་དབུ་མའི་མར་སྣ་ནས་ཞུགས་པའི་སྟོབས་ཀྱིས་སྤྱི་བོའི་རྩ་མདུད་གྲོལ་བའི་དབུས་ན་ཕ་ལས་ཐོབ་པའི་ཁམས་དྭངས་མ་ཐིག་ལེ་དཀར་པོ་ཆུའི་རང་བཞིན་ཅན་ཧཾ་ཡིག་གི་མགོ་ཐུར་བསྟན་གྱི་རྣམ་པར་ཡོད་པ་དེ་ཐུར་དུ་བབས་ནས་སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྱི་སྟེང་དུ་སླེབས་པའི་བར་ལ་སྣང་བ་ཞེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མ་གཅིག་འཆར། དེ་ཡིད་ཤེས་ཕྲ་མོ་ཞིག་ཡིན། སྣང་བ་འཆར་བའི་སྟོབས་ཀྱིས་ཞེ་སྡང་ལས་གྱུར་བའི་རྟོག་པ་སོ་གསུམ་འགགས་པས་སྟོང་བ་ཞེས་བྱ། དེ་དུས་སུ་ཕ་བསད་ཀྱི་དགྲ་བོ་ལའང་ཞེ་སྡང་མི་སྐྱེ་གསུངས། དེ་ནས་གཉིས་པར་སྣང་བ་མཆེད་པ་ལ་ཐིམ་པ་ཞེས་པ་བྱུང་། ནམ་མཁའ་དྭངས་གསལ་ཉི་འོད་ཤར་བ་ལྟར་འབྱུང་ཞིང་ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་དམར་ལམ་པ་འབྱུང་། དེ་སྐབས་སྙིང་ག་མན་ཆད་ཀྱི་རོ་རྐྱང་གི་རླུང་ཐམས་ཅད་དབུ་མའི་མར་སྣ་ནས་ཞུགས་པའི་སྟོབས་ཀྱིས་ནོར་བུའི་རྩ་འཁོར་གྱི་མདུད་པ་དང་། ལྟེ་བའི་རྩ་འཁོར་གྱི་མདུད་པ་རྣམས་རིམ་གྱིས་གྲོལ། ལྟེ་བའི་རྩ་འཁོར་གྱི་དབུས་སུ་མ་ལས་ཐོབ་པའི་ཁམས་དྭངས་མ་ཐིག་ལེ་དམར་པོ་ཨ་ཐུང་གི་རྣམ་པར་གནས་པ་དེ་མེའི་རང་བཞིན་ཅན་ཡིན་པས་གྱེན་དུ་འོངས་ཏེ། སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྱི་འོག་ཏུ་སླེབས་པའི་བར་དུ་མཆེད་པ་ཞེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྔར་བས་ཀྱང་ཆེས་གསལ་ལ་འཛིན་པ་མེད་པར་ལྷན་ནེར་གནས་པ་ཞིག་འབྱུང་། དེའི་སྟོབས་ཀྱིས་འདོད་ཆགས་ལས་གྱུར་བའི་རྟོག་པ་བཞི་བཅུ་འགགས་པས་སྟོང་བ་ཆེན་པོ་ཞེས་བྱ། དེའི་དུས་སུ་ལྷའི་བུ་དང་བུ་མོ་ལ་ཡང་འདོད་ཆགས་མི་སྐྱེ་བ་འབྱུང་། དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་ཕྱི་རྟགས་སུ་མུན་ནག་ལྟ་བུ་ནག་ཐུམ་མེར་སྟོང་སང་ནག་ལམ་པའི་སྣང་བ་འབྱུང་། ནང་རྟགས་སུ་མར་མེ་རླུང་གིས་མི་བསྐྱོད་པ་ལྟ་བུ་གསལ་ལ་མི་རྟོག་པ་ཞིག་འབྱུང་། ཁམས་དཀར་དམར་གཉིས་པོ་དེ་དང་པོ་སྙིང་ཁར་འཕྲད་པའི་བར་དུ་རླུང་སེམས་གཉིས་ཀ་ཆུད་པ་ལས་རྟགས་དེ་རྣམས་བྱུང་། དེའི་དུས་སུ་ཐོབ་པ་ཞེས་བྱ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་གསལ་ལ་འཛིན་པ་ཐམས་ཅད་དང་བྲལ་བ་ཞིག་འབྱུང་། དེའི་སྟོབས་ཀྱིས་གཏི་མུག་ལས་གྱུར་བའི་རྟོག་པ་བདུན་འགགས། འདི་ལ་སྟོང་བ་བཞིའི་ནང་ནས་ཤིན་ཏུ་སྟོང་བ་ཞེས་བྱའོ།། གསང་འདུས་རིམ་ལྔ་ལས་རང་བཞིན་བརྒྱད་ཅུ་གསུངས་ལ། དེ་ཡང་སྣང་བའི་རང་བཞིན་སོ་གསུམ། མཆེད་པའི་རང་བཞིན་བཞི་བཅུ། ཐོབ་པའི་རང་བཞིན་བདུན་དེ་བརྒྱད་ཅུ་ཡོད། རང་བཞིན་རྟོག་པ་བརྒྱད་ཅུ་བོ་འདི་དག་ནི་འཁོར་བར་འཕེན་བྱེད་ཀྱི་ལས་དང་འགྲུབ་བྱེད་ཀྱི་ལས་བསགས་བྱེད་ཡིན་པས་འཁོར་བའི་རྩ་བ་ཡིན་པ་དང་། རང་བཞིན་བརྒྱད་ཅུ་བོ་དེ་དག་རང་རང་གི་ཞོན་པའི་རླུང་དང་བཅས་དབུ་མར་བདེ་སྟོང་གི་ལྷན་སྐྱེས་ཐིག་ལེའི་རང་བཞིན་དུ་བཅུག་པ་ལས་འཁོར་བ་ལྡོག་པར་འགྱུར་བས་ན་འདི་དག་འཁོར་བ་འཇུག་ལྡོག་གི་གཞི་ཡིན་ཕྱིར་འཁོར་བ་འཇུག་ལྡོག་གི་རྩ་བ་ཡིན་གསུངས། དེ་ནས་ཉེ་བར་ཐོབ་པ་འོད་གསལ་ལ་ཐིམ་པ། སྙིང་གའི་ཐིག་ལེ་དཀར་དམར་གཉིས་ཀྱི་བར་དུ་ཚུད་པའི་རླུང་སེམས་དྷཱུ་ཏཱིར་ཚུད་པས་ཕྱི་རྟགས་སུ་སྐྱ་རེངས་ཤར་བ་ལྟ་བུའི་སྣང་བ་སྐྱ་ལམ་པ་འབྱུང་། ནང་རྟགས་སུ་སྟོན་ཀར་སྤྲིན་མེད་པའི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་འབྱུང་། འདི་ལ་ཐམས་ཅད་སྟོང་བ་ཞེས་བྱའོ།།

གདམས་ངག་གིས་ཟིན་པ་རྣམས་ལ་རང་བཞིན་འོད་གསལ་བའི་བདེ་སྟོང་གི་ཉམས་རབ་འབྱམས་འཆར་ཞིང་། གདམས་ངག་ལ་རྒྱུས་མེད་པའམ་གདམས་ངག་མེད་པ་རྣམས་ལ་རང་སྣང་དགྲ་རུ་ལངས་ནས་བདུད་དང་གཤིན་རྗེ་སོགས་འཇིགས་སྐྲག་སྣ་ཚོགས་མཐོང་ནས་བརྒྱལ་བར་འགྱུར་བའི་ཚེ་ན་སངས་རྒྱས་རྣམ་པར་སྣང་མཛད་སོགས་ཀྱི་ཞལ་མཐོང་ཞིང་རྗེས་སུ་ཟུངས་ཤིག་ཅེས་དང་། དེ་ནས་བརྒྱལ་བ་ལྟ་བུའི་དྲན་མེད་དུ་སོང་བའི་ངང་ནས་དྲན་པ་སླར་རྙེད། གཡོ་རྟོག་ཕྲ་མོ་ཙམ་ཡང་མེད་པའི་ཡིད་ཤེས་ཕྲ་མོ་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐད་མ་ཞིག་འབྱུང་། ཐོག་མ་མེད་པ་ནས་སྐད་ཅིག་ཙམ་ཡང་རྒྱུན་མ་ཆད་པར་གཉུག་མར་གནས་པའི་གཉུག་སེམས་མངོན་དུ་གྱུར་བ་ཡིན། འདི་ལ་འཆི་སེམས་ཕྲ་མོ་དང་། འཆི་བའི་འོད་གསལ། རང་བཞིན་འོད་གསལ། བར་དོ་དང་བོའི་འོད་གསལ་རང་ཤར་ཞེས་ཀྱང་བྱ། དེ་ལྟ་བུའི་ཐ་མལ་བའི་འཆི་བ་འོད་གསལ་ལ་སྙོམས་པར་ཞུགས་པ་ལ་ཐུགས་དམ་ལ་བཞུགས་པའི་ཐ་སྙད་བྱེད། འཆི་སེམས་ཕྲ་མོ་ལ་ཐ་མལ་བའི་མི་རྣམས་ཞག་གསུམ་དུ་གནས་པར་གསུངས་ལ། རྣལ་འབྱོར་བ་རྣམས་ནི་འཆི་བའི་འོད་གསལ་གྱི་སྟོང་ཉིད་ལ་མཉམ་པར་བཞག་པ་ལ་རྟོགས་པ་མཐོ་དམན་གྱི་དབང་གིས་ཞག་བདུན་དང་ཉེར་གཅིག་སོགས་སུ་གནས་པ་ཡོད་པར་གསུངས། རྣལ་འབྱོར་པས་འོད་གསལ་མ་བུ་བསྲེས་ཏེ་ལྟ་བའི་ཐོག་ཏུ་འཇོག་པ་ནི་འོད་གསལ་མཚན་ཉིད་པ་ཡིན། ཐ་མལ་བ་ལ་རང་ཤུགས་ཀྱིས་ཤར་བའི་འཆི་བ་འོད་གསལ་ནི་གཉིས་སྣང་རགས་པ་འགགས་པ་ཙམ་ལ་འོད་གསལ་ཞེས་བཏགས་པར་གསུངས། ལམ་དུས་སུ་བསྒོམས་སྟོབས་ཀྱིས་ཤར་བའི་འོད་གསལ་ལ་བུའི་འོད་གསལ་དང་། འཆི་དུས་ཀྱི་འོད་གསལ་ལ་མ་ཡི་འོད་གསལ་ཟེར། དེ་གཉིས་འཆི་བ་འོད་གསལ་གྱི་དུས་སུ་ངོ་ཤེས་ནས་བསྒོམས་པ་ལ་འོད་གསལ་མ་བུ་བསྲེས་ཞེས་བྱ་བ་ཡིན། མ་བུ་ངོ་འཕྲོད་པ་དེའི་ངང་དུ་རྩེ་གཅིག་ཏུ་གནས་པས་སྲིད་པ་བར་དོར་འཇུག་མི་དགོས་པར་འཆི་བ་འོད་གསལ་ཆོས་སྐུར་འཚང་བ་རྒྱ་བ་ཡིན། དེ་ལྟར་འཆི་སེམས་སམ་འཆི་བ་འོད་གསལ་གྱི་སེམས་དེ་གཡོ་མེད་དུ་ཅི་ཙམ་གནས་པའི་མཐར་དེའི་ངང་ནས་འདར་འཕྲིག་ཙམ་གྱིས་ཅུང་ཟད་གཡོ་བ་ཞིག་འོང་ལ། དེ་བྱུང་ཚེ་འོད་གསལ་ལས་ལྡང་བར་རྩོམ་པ་ཡིན་པས་མཚམས་དེ་ནས་འཆི་སེམས་ལས་ཅུང་རགས་པའི་ཉེར་ཐོབ་ཀྱི་སེམས་ཏེ་བར་དོ་བའི་སེམས་ཐོག་མ་དེ་སྐྱེས་པ་དང་། འཆི་སེམས་ཀྱི་ཞོན་པའི་རླུང་གིས་ཉེར་ལེན་དང་འཆི་སེམས་ཕྲ་མོས་ལྷན་ཅིག་བྱེད་རྐྱེན་བྱས་ནས་བར་དོའི་ཡིད་ལུས་བཞིན་ལག་གི་རྣམ་པ་ཅན་སྙིང་གའི་ཁམས་དཀར་དམར་གྱི་དབུས་སུ་གྲུབ་པ་གཉིས་དུས་མཉམ་དུ་བྱུང་སྟེ། བེམ་རིག་བྲལ་བའམ་ལུས་འདི་བོར་ནས་སྲིད་པ་གཞན་གྱི་བར་དོར་ཕྱིན་ཟིན་པ་ཡིན། དེ་དང་མཉམ་དུ་སྙིང་གའི་ཁམས་དཀར་པོ་ཐུར་དུ་བབས་ནས་རྟགས་ཀྱི་རྩེ་ནས་ཕྱིར་འབྱུང་བ་དང་། དམར་པོ་གྱེན་དུ་སོང་ནས་སྣ་སྒོ་ནས་ཕྱིར་འབྱུང་བ་ཡིན། གཞན་སྐྱེས་བུ་དམ་པའི་རིགས་ལ་སྣ་སྒོ་ནས་བྱང་སེམས་དཀར་པོ་འབབ་ཅིང་། རྟགས་ཀྱི་རྩེ་ནས་བྱང་སེམས་དམར་པོ་འབབ་པའི་ཚེ་ཐུགས་དམ་གྲོལ་བ་ཞེས་བྱའོ།། སྣང་མཆེད་ཐོབ་པ་འོད་གསལ་བཞི་ག་ཡུལ་གང་ལ་ཡང་མི་འཕྲོ་བའི་རྟོག་མེད་ཡིན་ནོ།།

དོན་དེ་དག་དང་མཐུན་པར། ཇི་སྐད་དུ།
བར་དོའི་འཇིགས་སྐྲག་སྣ་ཚོགས་པས།།
ཉེས་ཆེན་བཙོན་དུ་བཟུང་བ་བཞིན།།
སྔངས་སྐྲག་འཇིགས་གསུམ་ཨ་ཙ་མ།།
ཆ་མེད་ཡུལ་དུ་རྒྱུས་མེད་མི།།
གྲོགས་མེད་གཅིག་པུར་འཁྱམས་པའི་དུས།།
གར་འགྲོའི་གཏད་སོ་ཡོད་ལགས་སམ། །
བརྒྱགས་ཕྱེ་གྲབས་སུ་ཚུད་ལགས་སམ། །
ཞེས་གསུངས་པ་དང་དོན་མཐུན་པའོ།།
ཡང་དེ་ལས།
བར་དོའི་འཕྲང་ལམ་དོག་མོར་གཅིག་བུར་འགྲོ། །
གཤིན་རྗེས་ཁྲིམས་དེར་དགེ་སྡིག་ཤན་ཕྱེ་ནས། །
དགེ་མེད་སྡིག་ཅན་ངན་འགྲོར་འཁྲིད་པའི་ཚེ། །
ཐུགས་རྗེས་ཟུངས་ཤིག་རྒྱལ་བ་འོད་དཔག་མེད། །
ལམ་སྣ་དྲོངས་ཤིག་མགོན་པོ་སྤྱན་རས་གཟིགས། །
བྱིན་གྱིས་རློབས་ཤིག་རྒྱལ་སྲས་མཐུ་ཆེན་ཐོབ། །
ཅེས་གསུངས་ཏེ།

དེ་ལྟར་འཆི་རིམ་བརྒྱད་པ་འོད་གསལ་གྱི་སེམས་ལས་ལྡང་ནས་ཕྲ་བའི་རླུང་སེམས་དེ་སྙིང་གའི་ཁམས་དཀར་དམར་གྱི་ཐིག་ལེ་ཁ་གཤག་གི་ཕྱེ་བའི་ནང་ནས་ཕྱི་རོལ་ཏུ་རྒྱངས་ཏེ་ཐོན་ནས་ལུས་འདི་བོར། གང་དུ་སྐྱེ་འགྱུར་གྱི་སྲིད་པ་དེའི་ཤ་ཚུགས་ཅན་གྱི་བར་དོ་ཡིད་ལུས་གྲུབ། དེ་ཡང་རྣམ་སྨིན་གྱི་ཕུང་པོ་རྙིང་བའི་སྒོ་དགུ་གང་རུང་གི་ལམ་ནས་རྣམ་པར་ཤེས་པ་འཕོས་ཏེ་སྔར་གྱི་ཕུང་བོ་ལས་ལོགས་སུ་བར་དོའི་ཡིད་ལུས་གྲུབ་པ་ཡིན། འཆི་བ་འོད་གསལ་འགགས་པ་དང་བར་དོའི་ལུས་གྲུབ་པ་དུས་མཉམ་ཡིན། བར་དོའི་ལུས་གྲུབ་པ་དང་མཉམ་དུ་སྣང་མཆེད་ཐོབ་གསུམ་སོགས་སྔར་བཤད་པ་དག་གི་གོ་རིམ་བཟློག་སྟེ་ལུགས་ལྡོག་གི་གཉུག་སེམས་ལས་ཅུང་ཟད་རགས་པའི་ཉེར་ཐོབ་ཀྱི་ཡིད་ཤེས་སྐྱེ། སྣང་བ་ནག་ལམ་པ་འཆར། དེའི་རྗེས་སུ་མཆེད་པ་སྐྱེ། སྣང་བ་དམར་ལམ་པ་འཆར། དེའི་རྗེས་སུ་སྣང་བ་སྐྱེ། སྣང་བ་དཀར་ལམ་པ་འཆར། དེའི་རྗེས་སུ་རྟོག་པ་རགས་པ་རྣམས་སྐྱེས་ནས་བར་དོའི་གནས་སྐབས་ཀྱི་ཡུལ་སྣ་ཚོགས་ཀྱི་སྣང་བ་ཤར་ནས་ཆགས་སྡང་གི་རྟོག་པ་དུ་མ་བྱུང་བ་ཡིན། བར་དོའི་ལུས་བླང་ཡང་ཤི་བ་ནི་མི་ཤེས། ཉེ་འབྲེལ་དང་ཤུལ་མི་རྣམས་ཀྱིས་མྱ་ངན་དང་ངུ་ཤུམ་བྱས་པས་ནི་མི་བཟོད། དེ་དག་གི་དྲུང་དུ་ཕྱིན་ནས་གཏམ་སྨྲས་ཀྱང་མི་མཐོང་མི་ཐོས་པས་སླར་ཡང་སྡུག་བསྔལ་གྱིས་གདུང་། ཕྱོགས་ཐམས་ཅད་བསྐལ་བའི་མུན་ནག་ལྟ་བུས་ཁྱབ་པ་མཐོང་། ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད། གཤིན་རྗེ་སྐྱེས་བུ་རྣམས་ཀྱིས་མདུན་ནས་བསུས། སོད་སོད་རྒྱོབས་རྒྱོབས་ཀྱི་སྒྲ་དྲག་པོ་ནི་ཐོས། མཚོན་ཆའི་ཆར་བ་ནི་སྐར་མདའ་འཁྲུགས་པ་ལྟར་འབབས། འཇིགས་སྐྲག་གི་སྡུག་བསྔལ་མི་བཟོད་པ་མཐོང་བ་སོགས་དང་། གདོས་བཅས་ཀྱི་ལུས་ནི་མེད་པས་སོང་བའི་རྗེས་ཤུལ་དང་གྲིབ་མ་མེད་ལ་རྩིགས་པ་སོགས་ལ་ཐོགས་མེད་དུ་འགྲོ་ནུས། ལུས་ལ་ཁམས་དཀར་དམར་མེད་པས་ཉི་ཟླའི་འོད་མི་སྣང་བ་སོགས་བར་དོ་བའི་རྟགས་ཡིན། དེ་འདྲའི་འཇིགས་སུ་རུང་བའི་བར་དོའི་འཕྲང་ལམ་རིང་མོ་གྲོགས་མེད་གཅིག་བུར་འགྲིམ་པའི་ཚེ། བར་དོ་བའི་རྟགས་རྣམས་འབྱུང་བ་ཡིན། དེ་ཡང་བར་དོའི་རྟགས་ལ། ཡ་ང་བའི་གཡང་ས་གསུམ་ཞེས་བྱ་བ་འབྱུང་སྟེ། འདོད་ཆགས་ཀྱི་སྒོ་ནས་བསགས་པའི་ལས་ཤུགས་ཆེ་བས་གཡང་ས་ཆེན་པོ་དམར་ཟེང་ངེ་བ་དང་། གཏི་མུག་གི་སྒོ་ནས་བསགས་པའི་ལས་ཤུགས་ཆེ་བས་གཡང་ས་ཆེན་པོ་སྐྱ་ཆད་དེ་བ་དང་། ཞེ་སྡང་གི་སྒོ་ནས་བསགས་པའི་ལས་ཤུགས་ཆེ་བས་གཡང་ས་ཆེན་པོ་ནག་ངམ་མེ་བ་སྟེ། ཡ་ང་བའི་གཡང་ས་གསུམ་པོ་དེ་ལ་འཇིགས་ཤིང་སྐྲག་སྣང་སྣ་ཚོགས་འབྱུང་བ་དང་གཤོང་ཆེན་པོ་གཏིང་མེད་པ་དེ་དག་ལ་ལྷུང་བའི་སྣང་བ་འབྱུང་། དེ་དག་ནི་རིམ་བཞིན་ཡི་དྭགས་དང་དུད་འགྲོ་དམྱལ་བ་རྣམས་སུ་སྐྱེ་བའི་ལྟས་ཡིན་ལ་དེ་དག་དོན་དངོས་པོའི་སྟེང་ནས་བདེན་པར་གྲུབ་པ་རྡུལ་ཙམ་མེད་པར་ཤེས་ནས་འཇིགས་སྐྲག་མི་སྐྱེ་བ་ཞིག་དགོས་པ་ཡིན། ཡང་འཇིགས་པའི་སྒྲ་བཞི་ཞེས་བྱ་བ་འབྱུང་སྟེ།སྔར་རླུང་དབུ་མར་མ་འཆིང་བའི་དབང་གིས་འཆི་ཚེ་རླུང་རྣམས་ཁ་སྣ་ནས་ཕྱིར་ལོག་པའི་རྐྱེན་གྱིས་བར་དོའི་དུས་སུ་ས་རླུང་ལོག་པས་སྟོང་གསུམ་གྱི་རི་ཐམས་ཅད་ཞིག་པ་ལྟ་བུའི་ས་སྒྲ་དང་། ཆུ་རླུང་ལོག་པའི་སྟོབས་ཀྱིས་སྟོང་གསུམ་རྒྱ་མཚོར་གྱུར་ཏེ་ཆེས་ཆེར་གཡོ་ཞིང་འཁྲུགས་པ་ལྟ་བུའི་ཆུ་སྒྲ་དང་། མེ་རླུང་ལོག་པའི་སྟོབས་ཀྱིས་སྟོང་གསུམ་གྱི་ནགས་ཚལ་ཐམས་ཅད་མེས་ཚིག་པའི་མེ་ལྕེའི་སྒྲ་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུའི་མེ་སྒྲ་དང་། རླུང་གི་རླུང་ལོག་པའི་སྟོབས་ཀྱིས་སྟོང་གསུམ་ཐམས་ཅད་རླུང་གིས་གཡོས་པའི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུའི་རླུང་གི་སྒྲ་དང་བཞི་ལ་འཇིགས་པའི་སྒྲ་བཞི་ཞེས་བྱ་སྟེ་དེ་ཡང་རྨི་ལམ་ལྟ་བུར་བདེན་པར་མེད་པར་རྟོགས་དགོས། གཞན་ཡང་ངེས་པའི་རྟགས་དྲུག་ཅེས་བྱ་བ་སྔར་རྩིག་པ་སོགས་ལ་ཐོགས་པ་ལས་ད་ལྟ་གང་ལའང་མི་ཐོགས་པར་འགྲོ་ནུས་པ་དང་། སྔར་རང་གིས་གཏམ་སྨྲས་པ་གཞན་གྱིས་ཐོས་པ་ལས་ད་ལྟ་རང་གིས་གཏམ་སྨྲས་པ་གཞན་གྱིས་མི་ཐོས་པ་དང་། སྔར་ཉི་ཟླ་གཟའ་སྐར་མིག་གིས་མཐོང་བ་ལས་ད་ལྟ་དེ་དག་མིག་གིས་མི་མཐོང་བ་དང་། སྔར་རྐང་ལག་སོགས་ཀྱི་རྗེས་ཤུལ་སོགས་བྱུང་བ་ལས་ད་ལྟ་མི་འབྱུང་བ་དང་། སྔར་རང་གི་ལུས་ལ་གྲིབ་མ་ཤར་བ་ལས་ད་ལྟ་ལུས་ལ་གྲིབ་མ་མི་ཤར་བ་དང་། སྔར་མངོན་ཤེས་མེད་པ་ལས་ད་ལྟ་མངོན་ཤེས་ཕྲ་མོ་ཡོད་པ་སྟེ་ངེས་པའི་རྟགས་དྲུག་ཞེས་བྱ་བ་འདི་ཡང་བར་དོར་གནས་རྟགས་ཡིན་པས་མ་འཁྲུལ་བར་ཤེས་པ་ཞིག་དགོས།

གཞན་ཡང་མ་ངེས་པའི་རྟགས་དྲུག་ཅེས་བྱ་བ་སྔར་ཡུལ་ཕྱོགས་དང་གནས་ཁང་སོགས་ལ་ངེས་པ་ལས་ད་ལྟ་གནས་ལ་མ་ངེས་པར་ཡུལ་ཁམས་གཞན་དང་གཞན་དུ་འཁྱམས་པ་དང་། མཆོད་རྟེན་གྱི་སྟེགས་དང་གཟིངས་དང་ཟམ་པ་ལ་སོགས་ལ་ཡིད་ཙམ་རེ་གནས་པ་ལས་རྒྱུན་དུ་སྡོད་མི་ནུས་པ་དང་། སྔར་ཁམ་ཟས་ལ་ངེས་པ་ཡོད་པ་ལས་ད་ལྟ་ཟས་ལ་ངེས་པ་མེད་པར་གང་བྱུང་གི་དྲི་ཙམ་ལ་རེས་འགར་སྤྱོད་པ་དང་། སྔར་གོས་ལ་ངེས་པ་ཡོད་པ་ལས་ད་ལྟ་གོས་ལ་ངེས་པ་མེད་པར་ཡིད་ཙམ་རེར་ཤིང་ལོ་གྱོན་པ་དང་ཡང་དེ་དོར་ནས་གཞན་དང་གཞན་གྱོན་པ་དང་། སྔར་ཡུལ་སྡེ་དང་ཁྱིམ་གཟའ་ཚང་གྲོགས་ལ་ངེས་པ་ཡོད་པ་ལས་ད་ལྟ་དེ་རྣམས་མེད་པར་ངོ་ཤེས་མི་ཤེས་ཀྱི་སྐྱེས་པ་དང་བུད་མེད་གཅན་གཟན་སོགས་སྣ་ཚོགས་པ་དང་ཡིད་ཙམ་རེ་འགྲོགས་ནས་ཡང་དེ་དོར་བ་དང་། སྔར་ཉིན་མོ་འགྲོ་འདུག་དང་མཚན་མོ་ཉལ་བ་དང་མེ་འབུད་པ་སོགས་སྤྱོད་ལམ་ལ་ངེས་པ་ཡོད་པ་ལས། ད་ལྟ་ངེས་པ་མེད་པར་ཅི་བྱེད་འདི་བྱེད་མེད་པའི་འགྲོ་འདུག་སོགས་སྤྱོད་ལམ་རྣམས་སྨྱོན་པ་ལྟར་བྱེད་པ་ལས་བྱ་བ་གཅིག་ལ་ཡུན་དུ་གནས་པའི་རང་དབང་མེད་པ་དང་། སྔར་སེམས་ཀྱི་འཆར་ཚུལ་ལ་དེ་རིང་འདི་བྱ་སྙམ་པ་སོགས་བསམ་མནོ་བརྟན་པོ་བསྐྱེད་པ་ལས་ད་ལྟ་མེད་པར་དཔེར་ན་འགྲོ་བསམ་པ་ན་དེ་བསྐྱུར་ནས་སྡོད་བསམ་པ་དང་། སྡོད་བསམ་པ་ན་ཡང་དེ་བསྐྱུར་ནས་ཉལ་བསམ་པ་སོགས་སེམས་ཀྱི་བསམ་མནོ་ཐམས་ཅད་འཕྲལ་འཕྲལ་ལ་འགྱུར་འགྲོ་བ་སོགས་མ་ངེས་པའི་རྟགས་དྲུག་དང་།

གཞན་ཡང་འགྲོ་བའི་ལམ་བཞི་ཞེས་བྱ་བ་ལྷ་དང་ལྷ་མིན་དུ་སྐྱེ་བའི་ལྟས་སུ་འོད་དཀར་པོའི་ལམ་སྣང་བ་དང་། མི་དང་དུད་འགྲོར་སྐྱེ་བའི་རྟགས་སུ་འོད་སེར་པོའི་ལམ་དང་། ཡི་དྭགས་སུ་སྐྱེ་བའི་ལྟས་སུ་འོད་དམར་པོའི་ལམ་དང་། དམྱལ་བར་སྐྱེ་བའི་ལྟས་སུ་འོད་ནག་པོའི་ལམ་རྣམས་སྣང་བ་སོགས་འཇིགས་སྣང་དང་སྡུག་བསྔལ་སྣ་ཚོགས་པ་འབྱུང་བ་དེ་དག་ངོ་ཤེས་པར་བྱས་ནས་བླ་མ་དང་དཀོན་མཆོག་ལ་ངན་སོང་དུ་མི་སྐྱེ་བར་གསོལ་བ་འདེབས་དགོས། དེ་ལྟར་གཤིན་རྗེ་སྐྱེས་བུས་ཁྲིད་ནས་ལས་ཀྱི་རྡེའུ་དཀར་ནག་བགྲངས་བ་སོགས་ཀྱིས་དགེ་ཅན་དང་སྡིག་ཅན་གྱི་ཁྱད་ལེགས་པར་ཕྱེ་ནས། དགེ་བ་མེད་ཅིང་སྡིག་པ་མང་པོ་བསགས་པའི་སྡིག་ཅན་རྣམས་ངན་འགྲོའི་གནས་སུ་ཁྲིད་པའི་ཚེ། བར་དོའི་སྣང་བ་འདི་དག་རང་སེམས་འཁྲུལ་བའི་སྣང་བ་ཡིན་པར་ངོ་ཤེས་ནས་དེ་དག་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ་རྟོགས་ཐུབ་པ་ཞིག་དགོས་པས་བདག་ནི་རེ་ས་སྐྱབས་གནས་རྒྱལ་བ་འོད་དཔག་མེད་འཁོར་དང་བཅས་པ་ཁྱེད་ལས་མེད་པས་ཐུགས་རྗེས་ཟུངས་ཤིག་རྒྱལ་བ་འོད་དཔག་མེད་དང་མགོན་པོ་སྤྱན་རས་གཟིགས་རྒྱལ་སྲས་མཐུ་ཅན་ཐོབ་ལ་སོགས་པས་བདག་ཅག་ངན་འགྲོའི་འཇིགས་པ་ལས་སྐྱོབས་པར་མཛོད་ཅིག། ཅེས་པའོ།།

དོན་དེ་དང་མཐུན་པར། ཇི་སྐད་དུ།
ལས་ཀྱི་གཤིན་རྗེའི་ཁྲིམས་ར་ན།།
རྫུན་གྱི་ཕན་པ་མེད་དོ་སྐད།།
མེ་ལོང་ཡིག་ཆུང་གསལ་ལོ་སྐད།།
དེ་དུས་ངོ་གནོང་མེད་པ་ཞིག།
བརྩོན་འགྲུས་རྒྱ་མཚོ་ད་རེས་རེམ།།
ཞེས་པ་དང་དོན་མཐུན་པའོ།།
མཇུག་གི་དོན་ནི།
ཡང་དེ་ལས།
དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ། །
བར་དོ་ཉིད་དུ་བར་དོར་ངོ་ཤེས་ནས། །
བླ་མའི་མན་ངག་ཟབ་མོ་དྲན་མ་ཐག །
འཁྲུལ་སྣང་རྩད་ནས་ཆོད་པར་བྱིན་གྱིས་རློབས།།
ཅེས་གསུངས་ཏེ། དེ་ལྟར་ཐ་ལམ་བའི་འཆི་བ་ངོ་སྤྲོད་ཅུང་ཟད་ཞུས་པའི་རྣམ་དཀར་གྱི་དགེ་བ་འདི་ཡིས་མཚོན་དུས་གསུམ་དུ་བསགས་དང་གསོག་འགྱུར་གྱི་དགེ་བའི་མཐུ་ལས། ཐ་མལ་ཉམ་ཆུང་བའི་བདག་སོགས་སེམས་ཅན་རྣམས་འཆི་བའི་ཚེ་བར་དོ་ལ་བར་དོ་ཉིད་དུ་ངོ་ཤེས་ནས་བླ་མ་དམ་པའི་མན་ངག་ཟབ་མོ་དག་དྲན་པར་བྱས་ཏེ། མ་དག་འཁྲུལ་བའི་སྣང་བ་སྐྲག་འཇིགས་བྲེད་གསུམ་གྱི་འཁྲུལ་སྣང་ཐམས་ཅད་རྩད་ནས་ཆོད་པར་ཤོག་ཅིག དེ་ལྟར་ཆོད་པར་བླ་མ་དང་དབྱེར་མེད་པའི་མགོན་པོ་རྒྱལ་བ་འོད་མཚན་སྟོང་འབར་གྱིས་བདག་སོགས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་བརྩེ་བས་རྗེས་སུ་འཛིན་ཅིང་བྱིན་གྱིས་བརླབ་པར་མཛད་ཅིག་ཅེས་པའོ།
དོན་དེ་དང་མཐུན་པར། ཇི་སྐད་དུ།
བསྔོ་རྒྱུའི་དགེ་བ་གང་ཡིན་གཅིག་ཏུ་བསྡོམས།།
སངས་རྒྱས་ཀུན་ལ་མཆོད་པའི་སྤྲིན་དུ་བསྔོ།།
སངས་རྒྱས་བསྟན་པ་དར་ཞིང་རྒྱས་ཕྱིར་བསྔོ།།
བསྟན་འཛིན་སྐུ་མཛད་འཕྲིན་རྒྱས་ཕྱིར་བསྔོ།
འཇིག་རྟེན་ཐམས་ཅད་བདེ་ཞིང་སྐྱིད་ཕྱིར་བསྔོ།།
སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་ཕྱིར་བསྔོ།།
དེ་ལྟར་བསྔོ་ཚུལ་དེ་དག་རེ་རེས་ཀྱང་།།
དགེ་བ་ཆུང་ངུ་དཔག་མེད་ཆེན་པོ་འཕེལ།།
དེ་དོན་རྡོ་རྗེ་རྒྱལ་མཚན་བསྔོ་བའི་མདོ།།
ལ་སོགས་མདོ་སྡེ་མང་པོ་རྣམས་ལས་གསུངས།།
ཞེས་གསུངས་པ་ལྟར་རོ།།

ཡང་དེ་ལས་མཇུག་ཏུ། ཐ་མལ་པའི་འཆི་ཁའི་ངོ་སྤྲོད་ཁྱད་འཕགས་ཞེས་བྱ་བ་འདི་ཡང་། བླ་མ་ཟར་ཁང་བཀྲ་ཤིས་བཟང་པོའི་བཀས་བསྐུལ་ནས། མཁས་མཆོག་ཆོས་གྲགས་དཔལ་བཟང་པོས་ཆུ་ཕོ་རྟའི་ལོ་ཆུ་སྟོད་ཟླ་བའི་ཚེས་བཞིར་སངས་རྒྱས་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཆོས་རྗེ་ཁྱད་འཕགས་མང་པོའི་ཞབས་ཀྱིས་བཅགས་པའི་ས། སྒྲུབ་གནས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་བཀོད་པའོ།། ཞེས་པ་ནི་གོ་སླའོ། །ཞེས་ཐ་མལ་བའི་འཆི་ཁའི་ངོ་སྤྲོད་ཀྱི་འགྲེལ་བ་བདེ་ཆེན་ལམ་བཟང་ཞེས་པ་འདི་ཡང་ཕྱི་ལོ 2023ལོ་སྟེ། བོད་རབ་བྱུང་བཅུ་བདུན་པའི་མཛེས་བྱེད་ཆུ་ཡོས་ལོར་རྔ་ཡུལ་ཇོ་ནང་བའི་ཆོས་སྡེ་བསེ་དགོན་ཕྱོགས་རྒྱལ་གླིང་དུ་བསེ་ཀུན་དགའ་ཚོགས་མཆོག་གིས་བྲིས་པ་སྟེ། ཉེས་འགལ་ཅི་མཆིས་དམ་པ་གཟུར་གནས་རྣམས་ལ་འཆགས་ཤིང་ལེགས་པའི་ཆ་ཅུང་ཙམ་མཆིས་ན་དྲིན་ཆེན་ཕ་མ་རྣམ་གཉིས་རྣམ་དག་བདེ་ཆེན་ཞིང་དུ་མགོན་པོ་འོད་དཔག་མེད་པའི་ཞབས་དྲུང་དུ་སྐྱེ་བའི་རྒྱུ་རུ་ཤོག་ཅིག་གུ། སརྦ་མངྒ་ལཾ།།

ནང་དོན་ཡོངས་ཁུངས། བསེ་དགོན་ཤེས་རིག་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།