Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

གསུམ་པ།

མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

ད་ནི་ཁོ་བོ་ཉིད་ཀྱི་གནས་ཚུལ་སྒྲག(བསྒྲག)པར་བྱ་སྟེ། དེ་ལ་བདག་གང་དུ་སྐྱེ་བ་བཟུང་བའི་ཡུལ་ནི། དབུས་གཙང་གི་མཚམས་ན། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱི་ནང་ཚན། ཁ་རག་ཁྱུང་བཙུན་གྱི་གནས་ཇོ་མོ་ཁ་རག་ཅེས་གྲགས་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༌། པཎྜི་ཏ་ཆེན་པོ་ག་ཡ་དྷ་ར་དང༌། གཉོས་ལོ་ཙཱ་བ་ཡབ་སྲས་རྣམས་དང༌། གཞན་ཡང་ཨཱ་ཙརྱ་གཉན་དཔལ་དབྱངས་དང༌། ཁ་རག་སྒོམ་ཆུང་ལ་སོགས་སྐྱེས་མཆོག་དུ་མས་བསྟེན་པའི་གནས་དེ་ཉིད་དང་ཉེ་བ། བོད་ཡུལ་དབུས་ཀྱི་ཆར་གཏོགས་པ། ལུ་ཧི་ཏའི་ཆུ་ཀླུང་ལ་སྙེན(བསྙེན)པར་འགྲོགས་པ། འབྲང་ཞེས་བྱ་བའི་ཡུལ། གྲོང་ཁྱེར་གྱི་བཀོད་པ་ཡིད་དུ་འོང་བས་བརྒྱན་པ། བཟའ་ཤིང་གི་རྭ(ར)བའི་སྐྱེད་ཚལ་དུ་མས་རྣམ་པར་ཁྱབ་པ། {ཡུལ་གྱི་ཕུ་ཐམས་ཅད}རི་བོ་སྨན་ལྗོངས་ཉམས་དགའ་བ་དུ་མ་དང༌། ཚལ་སྣ་ཚོགས་པས་མཛེས་པ།

སྔོན་གཉོས་ཇོ་སྲས་རྡོ་རྗེ་བླ་མ་ལ་སོགས་པས་ཡུན་རིང་དུ་བསྟེན་པའི་གནས་གཞི་ཞིག་ཏུ། ཕྱིས་ཆོས་རྗེ་ཀུན་དགའ་སེང་གེས་ཆོས་འཁོར་སྡིངས་ཞེས་པའི་དགོན་གནས་ཆུང་ངུ་ཞིག་འདེབས་པར་མཛད་པ། བར་སྐབས་སུ་དུས་མི་བདེས་གཤིག(བཤིགས)པ་དང་། སྙིགས་མའི་དུས་ཀྱི་དབང་ལས། ད་ལྟ་ཁྱིམ་དགོན་དུ་གྱུར་པ་འདི་ལགས་ཏེ། བདག་སྐྱེ་བ་འཛིན་རྒྱུའི་ལོ་སྔ་མ་དེ། ཐོ་རངས་ཀེང་རུས་ཆེན་པོ་དངོས་སུ་བྱུང་བ་མི་མང་པོ་རང་གིས་མཐོང་བ་དང༌། སྟེས་དབང་ཡིན་པ་གཞིར་བཅས་ནའང་། བཀྲ་ཤིས་བྲག་ཟེར་བ་ཅིག(ཞིག)ཡོད་པ་དེའི་རྡོ་ཆེ་བ་གཅིག་གས་ཤིང་ལྷུང་བ་ལ་མ་ཎི་རང་བྱོན་ཆེན་པོ་གཅིག་བྱུང་བ་ནི། ད་ལྟ་ཡང་བྲག་ལོགས་ལ་ཡོད་པ་འདི་ཡིན།

དེ་ལ་སྔགས་འཆང་དམ་པ་ཚུལ་ཁྲིམས་མཚན་ཅན་ལ་རིགས་ཀྱི་སྲས་བཞི་ཡོད་པ་ལས། ཆེ་ཤོས་རྣམ་རྒྱལ་ཕུན་ཚོགས་ཞེས་བྱ་བ་བདག་གི་ཕ་ལགས་ཤིང༌། སྐྱེ་བ་འདི་ཉིད་ཀྱི་ལུས་སྐྱེད་པར་བྱེད་པ་ལ་གཅིག་ཏུ་དྲིན་ཆེ་བ་མར་གྱུར་པ་ནི། མཚན་རྡོ་རྗེ་བུ་དགའ་ཞེས་བྱ་བ་ཡིན་ཞིང༌། བདག་གི་ཕ་ནི་མཁྱེན་རྒྱ་མི་ཆེ་ཡང་། ཡི་དམ་ལྷའི་བསྐྱེད་རིམ་དམིགས་པ་ལ་བརྟན་པ་ཅུང་ཟད་ཐོབ་པ། ཡི་དམ་དང་ཆོས་སྐྱོང་གི་བཟླས་བསྙེན་གྲངས་མེད་པ་སོང་ཞིང༌། བྱིན་རླབས་དང་ནུས་མཐུས་བརྒྱན་པ། ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་ནུབ་པའི་འཁྲུལ་ཞིག་ཆེན་པོར་བཞུགས། བདག་གི་མ་ཡང་ཐུགས་སྙིང་རྗེ་ཆེ་ཞིང་། དགེ་བ་ལ་དཀར་བ། ཟབ་ཅིང་དཀྱེལ་ཆེ་བའི་ངང་ཚུལ་ཅན་ནོ། །

དེ་ལ་ཡབ་ཀྱིས(ཀྱི)དགུང་ལོ་བཞི་བཅུ་ཞེ་དྲུག །ཡུམ་གྱིས(གྱི)དགུང་ལོ་བཅུ་དགུ་བཞེས་པའི་ཚེ། བདག་གི་ཡང་སྲིད་ཡོངས་སུ་བཟུང་བར་འདུག་ཅིང༌། {སྔོན་མེས་པོ་རིན་པོ་ཆེས། གྲུབ་ཐོབ་དབུས་སྨྱོན་པ་མཇལ་བར་ཕེབས་པའི་ཚེ། ཁྱོད་ཀྱི་མི་བརྒྱུད(རྒྱུད)ལ་སྒྲ་ཆེན་པོ་འོང་། ལུང་པ་ཕུ་རུང་ཙམ་དེ་ནས་དུང་དཀར་ཕྱོགས་བཞིར་འབུད་པ་འོང་། ཞེས་ལུང་བསྟན་མཛད་འདུག་ཅིང་། འདི་སྐབས་ཀྱང}ཡུམ་གྱི་མནལ་ལམ་དུ་འབྲང་ཕུ་གཟིམས་ཁང་། ཁང་པ་རྒྱ་ཆེ་ཞིང་དཔངས་མཐོ་བ་ཞིག་ཏུ་གྱུར་པ་ལ་ཡུམ་གྱི་ཐོག་རྩེ་ནས་དུང་དཀར་ཕྱོགས་བཞིར་འབུད་པ་དང༌། ཡང་ལན་ཅིག་རྨི་ལམ་དུ་རིན་པོ་ཆེ་ལ་དབང་ཞུས་པས། གསེར་གྱི་རྡོ་རྗེ་ཞིག་སྤྱི་བོར་བཞག །སླར་དེ་སྐུ་འཕྲག(ཕྲག)ཏུ་བཅུག་པའི་སྣང་བ་བྱུང་ཞིང༌། དེའི་གནས་ཚུལ་མེས་པོ་རིན་པོ་ཆེ་ལ་ཞུས་པས། {དབུས་སྨྱོན་གྱི་གསུང་དེ་བསྐྱར་ཟློས་ཤིག་མཛད་དེ།} དེ་སྲིད་འཁོར་བ་དེའི་ལྟས་ཡིན། འདི་ལ་དགའ་མོ་ཞིག་འོང་བ་ཡིན་ཏེ་འོང༌། ཞེས་གསུང(གསུངས)།

དེ་ནས་བདག་རུམ་ན་ཡོད་པའི་སྐབས་དེ་ཉིད་ལ་རྒྱལ་གྱི་ཟླ་བའི་སྐབས། ལྡུམ་རའི་རྒྱ་མེན་གྱི་རྩ་བ་འགའ་རེ་ཞིག་ཁ་འབུས་ཤིང༌། ཆོ་འཕྲུལ་གྱི་སྐབས་སུ་རྐང་མི་མངོན་པའི་མེ་ཏོག་ཁ་བྱེ(ཕྱེ)བ་ཡང་ཐོ་རེ་ལོང་ངེ་བ་བྱུང་འདུག་པ་མཐོང་ཞིང་། རྒྱུས་ཡོད་པའི་མི་ད་ལྟ་ཡང་མང་དུ་ཡོད། དེ་ཀུན་ཡང་དགེ་མཚན་གྱི་ལྟས་ཙམ་ཡིན་པར་མངོན་ནོ། །

དེ་ནས་ན་ཚོད་ལྡན་ཞེས་པ། ཤིང་མོ་ཕག་ལོ་ཆུ་སྟོད་ཀྱི་ཟླ་བའི་ཚེས་བརྒྱད་ཀྱི་ཉི་མ་རྩེ་ཤར་ལ་བདག་བཙས་པར་འདུག་ཅིང༌། དེ་ཡང་གྲོད་བུས(པུས)གཡོགས་པའི་རྣམ་པ་ཅན་དུ་བྱུང༌། ལྟེ་བ་གཅོད་པ་སོགས་ནི་གང་ཡང་མ་དགོས། དེ་ལ་མེས་པོ་རིན་པོ་ཆེས་ལྡེ་མིག་གིས་གྲོད་བུའི(པུའི)རྒྱ་དྲལ་པ་སོགས་རྟེན་འབྲེལ་མཛད། དེ་སྐབས་སྐྲ་ཕྲ་མོ་གཡེང་གཡེང་བ་ཁ་དོག་དཀར་པོ་ཉག་གཅིག་ཡོད་པ་ཞིག་བྱུང༌། ཕྱིས་རིམ་པས་ཁ་དོག་ནག་པོར་གྱུར། སྐྲ་དཀར་བོ་ཡེང་ཡེང་འདིའི་རིགས་ལ་ཤེས་རབ་ཆེན་པོ་འོང༌། གྲིབ་གྱིས་མ་བསྒྲིབས་པ་གྱིས་གསུང(གསུངས)། {དེ་གོང་ཡུམ་གྱི་འཁྲུངས་སྒོ་ཞིག་ལོག་འདུག་པ། དེ་ལྟ་བུའི}སྲི་ངན་བཟློག་པའི་ཕྱིར། སྲི་གཅོད་རྡོ་རྗེ་ཞེས་མིང་སྩལ(བསྩལ)།

ཟླ་བ་བརྒྱད་ཙམ་ནས་འགྲོ་བ་དང༌། ལོ་དུས་སྨྲས(སྨྲ)ཤེས་པ་ཞིག་བྱུང་འདུག །བཙས་ནས་ལོ་གཉིས་སུ་ཉེ་བ་ཙམ་ན། འཁྲུ་ནད་དྲག་པོ་ཞིག་གིས་བཏབ། ཨ་ཁུས་སྨན་དཔྱད་ཤིན་ཏུ་མཁས་པར་མཁྱེན་པས། སྨན་དང་རིམ་གྲོ་སོགས་གང་དྲག་མཛད་འདུག་ནའང༌། ཁྱད་ཅང་མ་བྱུང་ཞིང༌། བྱིས་པ་ནད་ཐེག་ཆུང་བ་ནས་སྣ་ཡང་ཞོམ། དོ་ནུབ་ཙམ་ཐུབ་བམ། སང་ཞོགས་ཙམ་ཐུབ་བམ་ཟེར་བ་ལས། གཞན་འཆི་བར་ཐག་བཅད་པའི་ཚེ། དེའི་སང་ཞོགས་ནམ་ལངས་ཙམ་ལ་ནང་གི་སྐས་ནས་ཡར་ཨ་ཙ་ར་ལྔ་ཙམ་ཞིག་འཛེགས་ནས་བྱུང་ནས། སྔོན་མ་དེས་པོ་ཏི་ཞིག་གིས་ངེད་ལ་བྱིན་རླབས་བྱེད་ཀྱིན་མང་པོ་ཞིག་ལབ་ཀྱིན་ཡོད་པར་འདུག །དེ་རྣམས་སླར་ཡང་སྐས་ལ་བབས། དེ་ཕྱིན་ཆད་གར་སོང་ཆ་མེད།

ཕ་དང་ཞང་བོ་སོགས་ནང་མི་ལྔ་ཙམ་ཡོད་འདུག་པ་ཐམས་ཅད་ཀྱིས་མཐུན་པར་མཐོང་ཞིང༌། མཐོང་བ་ཙམ་ལས་བྱ་བྱེད་ཀྱི་བློ་གང་ཡང་མ་བྱུང་བར་འདུག ། {མཐོང་མི་ཐམས་ཅད་ད་ལྟའང་ཁམས་བཟང་བ་ཡོད།} འདི་ནི་དེ་ལྟར་བར་ཆད་ཀྱིས་གཙེས་པ་ལ། སྔ་རོལ་གྱི་སྐྱེ་བ་གཞན་དུ་བླ་མར་གྱུར་པ་རྣམས་ཀྱིས་བར་ཆད་དེ་བཟློག་པར་མཛད་པ་ཡིན་པར་སེམས། དེ་ཁོ་ནས་ནད་དེ་གྲག(དྲག)སྟེ། ཞག་གསུམ་བཞི་ནས་སོར་ཆུད་པར་སྣང་ངོ༌། །

བཙས་ཙམ་ནས་དེ་སྐབས་ཕན་ཆད་དུ་ཉིན་མཚན་ཕལ་ཆེར་མིག་མི་འཛུམ་པར་གཉིད་དུ་འགྲོ་བ་ལ། མི་ཕལ་ཆེར་གྱིས་སྨྲ་བརྗོད་ཉུང་ཞིང་། བེམ་ལུགས་འདིས་གླེན་ལྐུག་ཅིག་འོང་ངམ་ཟེར་བ་དང་། མེས་པོ་རིན་པོ་ཆེའི་གསུང་ནས་མིག་མི་འཛུམ་པར་གཉིད་དུ་འགྲོ་བ་ནི་འོད་གསལ་ཟིན་པ་ལ་འོང་བར་གྲགས། གང་ལྟར་ནའང་འདི་མའི་ལུས་ལ་འཁྲིས་པ་ཚུན་ཆད་ནས། དམིགས་ལྟས་དགའ་རབ་ཀྱང་བྱུང་བས། མི་ཕལ་པ་རང་མིན་ཙམ་ཞིག་འོང་ཞེས་ཡང་ཡང་གསུང(གསུངས)ཟེར།

དེ་ནས་སྨྲ་ཤེས་ཙམ་གྱི་དུས་ཞིག(ཤིག)ན་ཐོག་ཁར་ཉི་མ་ལ་གཉལ(བསྙལ)བའི་ཚེ། རླུང་སེམས་ཅུང་ཟད་དབུ་མར་ཆུག་པའི་རྟགས་ཡིན་པ་འདྲ། ནམ་མཁའ་ལ་འཇའ་ཚོན་དྲ་བ་རིས་སུ་བྱུང་ཞིང༌། དེ་དག་གི་བར་བར་ན་ལྷ་སྐུའི་རྣམ་པ་སྐུ་མདོག་དང་། དབྱིབས་སྣ་ཚོགས་པ་ཁོ་ནས་ནམ་མཁའ་འཁྲིག་མེར་གྱིས་འགྲོ་བ་ཡང་ནས་ཡང་དུ་མཐོང་བ་བྱུང་ཞིང༌། ད་ལྟའང་བློ་ཡུལ་ན་གསལ་བར་སྣང༌།

དེ་དག་དང་དུས་མི་རིང་བར། མེས་པོ་རིན་པོ་ཆེ་ལ་ཇོ་གདན་འགའ་ཞིག་དང༌། ཆུ་བྱང་ཁ་ནས་འོངས་པའི་སྔགས་པ་སོ་སོས་གསོལ་བ་བཏབ་པའི་ངོར། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་དང༌། མགོན་པོ་མ་ནིང་དང་། གུ་རུ་དྲག་དམར་དང༌། ཕྱག་བཞི་པ་གཏེར་མགོན་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་བསྐུར་ལ་སོགས་པ། ཕ་ཆོས་འགའ་ཟུང་སྩལ(བསྩལ)ཏེ། དེ་ཀུན་ཞོར་ཆོས་ལ་ཐོབ་ཡོད་པར་འདུག་ཅིང༌། དཀྱིལ་འཁོར་དང་མཆོད་བཤམས་ལ་སོགས་པ་ད་ལྟའང་ཡིད་ཡུལ་ལ་ཅི་རིགས་པར་འདུག་ཅིང་། ཆོས་ཀྱི་ཚིག་དོན་ལ་ནི་གོ་རྟོགས་ཅང་མ་བྱུང༌།

ཆོས་གྲལ་དུ་སྡོད་ཚུགས་ཤིང་། དབང་རྫས་ཞུ་ཚུལ་སོགས་མཁས་པར་བྱུང་བས། རིན་པོ་ཆེས་དགེས་དགེས(དགྱེས་དགྱེས)མཛད་ཟེར། བསྐང་གསོ་ཆག་མེད་དུ་མཛད་ཀྱིན་འདུག་པས། གཏོར་ཆབ་སྦྲོན་པ་དང༌། རྔ་གཡོག་འབུལ་བ་སོགས་ཕྱག་གཡོག་ཆུང་ཆུང་དགོས་པ་རྣམས་ལ་བརྩོན་པར་བྱས། ཕ་མེས་ཀྱི་འདུ་ཤེས་ཙམ་མིན་པར་བླ་མའི་མོས་གུས་ཀྱང་དགའ་རབ་སྐྱེས་འདུག །ཕལ་ཆེར་ཕ་མའི་ཟླ་ལ་མ་ཉལ་བར་མཆོད་ཁང་དུ་མེས་པོའི་དྲུང་དུ་ཉལ།

དེ་སྐབས་མཆོད་བཤོམ(བཤམ)ལ་བཅོམ་ལྡན་འདས་ཐུབ་པའི་སྐུ་བརྙན་ཆེ་རབ་ཞིག(ཅིག)བཞུགས་ཀྱིན་འདུག་པས། དེའི་དྲི་རྟོག་ཡང་ཡང་ཞུས་པས། མཛད་བཅུ་ལ་སོགས་པའི་ལོ་རྒྱུས་འགའ་རེ་གསུང(གསུངས)། ལོ་རྒྱུས་རྩ་རྩེ་ཚང་བ་ནི་བློ་ལ་མ་ཆགས་པ་འདུག་ནའང་། དད་མོས་ཆེན་པོ་སྐྱེས་ཤིང་། སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་བཅོས་མ་མིན་པ་བྱུང༌།

གཤེད་དམར་གྱི་ཐང་སྐུ་ལྷ་མགྲོན་ལ་ཀྱཻ་རྡོར་ཡོད་པ་ཞིག་འདུག་པ། ལྷ་དེ་གཉིས་མཐོང་བ་ཙམ་གྱིས་སེམས་དགའ་ཆམ་ཆམ་པ་རྟག་ཏུ་འོང༌། ལྟད་མོ་གཞན་ལ་དགའ་ཚོར་ཆུང་ཞིང༌། ཡི་དམ་ཆོས་སྐྱོང་གི་སྔགས་སྐུ་ཟིང་ཟིང་འདུག་པ་ཀུན་ལ་ཡང་ཡང་བལྟ་འདོད་པའི་དགའ་སེམས་ཆེ་བར་བྱུང་བས། མེས་པོའི་གསུང(གསུངས)ནས། འདི་རྡོ་རྗེ་སློབ་དཔོན་ཞིག་གི་སྐྱེ་བ་ཡིན་པར་འདུག་ཅེས་གསུངས་པའང་དྲན།

ཡང་རེ་འགའ(འགར)རི་དགས(དྭགས)ཤོར(བཤོར)མཁན་འདྲ་མཐོང་བའི་ཚེ། སྙིང་རྗེ་ཆེན་པོ་སྐྱེས་ཏེ། རང་དབང་མེད་པར་མཆི་མ་འཆོར་བ་འབྱུང་ཞིང་། ལུང་བ་འདིའི་རི་དགས(དྭགས)རྣམས་ངས་བསྲུང་དགོས་པ་འདུག་སྙམ་པ་དང༌། འདི་བསྲུངས་ཀྱང་ དེའི་ཕ་རོལ་ན་ལུང་བ་དང་རི་དགས(དྭགས)ཡོད། དེའི་ཕ་རོལ་ནའང་ཡོད་སྙམ་པ་སོགས་མཐའ་མེད་དུ་ཤར་ནས། གཅིག་བསྲུངས་ཀྱང་གཞན་རྣམས་ཇི་ལྟར་དྲག་སྙམ་པའི་གང་དྲག་ཅི་དྲག་མི་ཚུགས་པ་ཙམ་ཡོང་བ་ཞིག་ཡོད་ཅིང༌། ཡང་ལན་ཅིག་སྒོ་རྩ་ན། བྱ་བཏང་འགའ་རེ་སློང་ཞིང་འདུག །

དེ་ནས་ཕ་ཚད་ཀྱི་ཞིང་ཁ་ན་ལུས་གནད་བཅས། སྒོམ་བྱེད་བྱེད་ལྟར་འདུག་པས། ཡིད་ལ་ངོ་མཚར་དང་། དང་བ་ཆེན་པོ་སྐྱེས་ཏེ། ང་ཡང་འདི་ལྟ་བུ་ཞིག་ཏུ་གྱུར་ན་སྙམ་པ་ཡང་ཡང་བྱུང༌།

ཡང་མོན་རྩེ་བའི་རྟོགས་ལྡན་འགའ་རེ་རླུང་བཟུང་ཞིང་འཁྲུལ་འཁོར་བྱེད་པ་མཐོང་བས་ཀྱང་དེ་དང་འདྲ་བར་གྱུར། ད་ལྟ་ལྟས(བལྟས)ན་ཁོང་ཚོའི་དེ་རང་ཆོས་གཟུགས་ཀུན་གྱི་སྤྱི་ནོར་དེ་ཀ་ཡིན་པ་འདྲ་སྟེ། རང་རེ་བློ་འགྱུར་བ་ནི་བྱུང༌། དགོན་པ་བ་རྣམས་ཀུན་རིག་གི་དཀྱིལ་འཁོར་བཞེངས་ནས་སྒྲུབ་མཆོད་བྱེད་པ་མཐོང་བ་ལའང་། དགའ་བ་ཆེན་པོ་སྐྱེས་ཤིང་། ཆོ་གའི་སྒང་ལ་གྲལ་ལ་སྡོད་ཚུགས་པར་བྱས།

ལན་ཅིག་ཁ་རག་ཀཾ་ཕུ་བའི་སྔགས་པ་ཆོས་རྗེ་ཡོན་རྒྱམ་བ་དེ། མེས་པོ་རིན་པོ་ཆེའི་དྲུང་དུ་དོན་སྤྱོད་པ་ཞིག་ལ་འདུག །མངོན་སྤྱོད་ཀྱི་གསུང་བགྲོས་མང་དག་ཞིག(ཅིག)མཛད་ཀྱིན་འདུག་པས། ང་རང་གིས་ཀྱང་འདི་ལྟ་བུ་མང་པོ་ཞིག་བྱས་སྙམ་པ་སོགས་ཡིད་ལ་ཇི་སྙེད་ཞིག(ཅིག)ཤར།

ཡང་ཐོག་ཁ་ན་ཡོད་པའི་སྐབས་ཤིག །འཇོལ་མོ་རྣམས་སྐད་མང་པོ་འདོན་གྱིན་འདུག་པས། སྐད་ཀྱི་གདངས་ལ་དབོན་པོ་སྲི་གཅོད་ཅེས་ང་རང་གི་མིང་ནས་འབོད་པ་དང༌། ཡུལ་མི་འདྲའི་སྐྱིད་སྡུག་ཡོད་ཚུལ་ལབ་པ་སོགས་ལན་འགའ་ཡར་དུ་བྱུང༌། དེ་སྐབས་གཉིད་མིན་སད་མིན་ལ་རྨི་ལམ་ཤིན་ཏུ་གསལ་སྣང་ཆེ་བ། ཡུལ་མི་སོ་སོར་ན་ཚ་ཤི་ཆད་སོགས་ཀྱི་རྟགས་མཚན་གསལ་བར་ཐིངས་པ་དང༌། རེ་འགའ་མངོན་སུམ་དུའང་མི་མ་ཡིན་གྱི་སྤྱོད་པ་རེ་རེ་ཙམ་མཐོང་བ་བྱུང༌། ཕྱིས་སྡེ་དཔོན་གྱི་རྫོང་གཞིས་སོགས་སུ་ཕྱིན་པ་ནས་གསལ་སྣང་དེ་ཀུན་ཡང་འགྲིབས་ནས་སོང༌།

ཡང་ལན་ཅིག་ཨ་ཙ་ར་འགའ་ཤས་ལམ་ཞོར་ལ་སྒོ་རྩ་ན་ལྟོ་སློང་ཀྱིན(གིན)འདུག་པ་མཐོང་བས་ཀྱང་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་ཤིང་། རྒྱ་གར་གྷ་ཡ་ལ་སོགས་པ་ཡིན་སྙམ་པའི་ཡུལ་མང་པོ་ཞིག་ཡིད་ཡུལ་དུ་ཝལ་ཝལ་ཤར་རོ། །

སྨྲས་པ།

སྔོན་གོམས་དབང་ལས་མཐའ་དག་དགེ་བའི་ཆོས། །
ཅིག་ཅར་ཤར་བ་འདི་ལས་ལེགས་ཚོགས་ནི། །
མ་ཚང་མེད་པ་ནམ་ཡང་འབྱུང་བ་ཡང༌། །
སྔོན་གྱི་དགེ་བའི་མཐུ་དཔལ་འབའ་ཞིག་ཡིན། །

{ཅེས(ཞེས)པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་སྐྱེ་བ་བཟུང་ཞིང་། རིགས་ཅུང་ཟད་སད་པ་ལས་བརྩམས་པའི་རིམ་པར་ཕྱེ་བ་སྟེ་གསུམ་པའོ། །}

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།