ཡོངས་གྲགས་མིན་པའི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཞལ་སློབ་འགའ།

ཡོངས་གྲགས་མིན་པའི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཞལ་སློབ་འགའ།

མཛད་པ་པོ། མཁན་ཆེན་འཕྲིན་ལས་རྒྱ་མཚོ།

འདིར་ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་དང་ཆོས་འབྱུང་ཁག་ཏུ་གསལ་བའི་ཁོང་གི་དངོས་སློབ་རེ་ཟུང་གི་རྣམ་ཐར་ལོ་རྒྱུས་གཞན་གྱིས་ཟུར་བརྒྱན་ཏེ་ཞུ་བ་ལ་དང་པོ།

༡ ཁོང་གི་སློབ་མ་འཇམ་སྒེག་པ་ནི། མཚན་དངོས་ལ་འཇམ་དབྱངས་སྒེག་པ་ནམ་མཁའ་དཔལ་ཞེས་ཞུ་ཞིང་། མཚན་གྱི་རྣམ་གྲངས་གཞན་ནི་འཇམ་དབྱངས་སྐྱ་བོའམ་འཇམ་སྐྱ་ནམ་མཁའ་དཔལ་ཟེར་བ་རེད། ཁོང་ནི་རབ་བྱུང་ལྔ་བའི་ལྕགས་བྱི་ལོ་སྟེ་ཕྱི་ལོ།༡༣༡༠ལོར་སྐུ་འཁྲུངས་ཤིང་། མདོ་སྔགས་རིག་གནས་དང་བཅས་པར་གསན་རྒྱ་ཆེ་ཞིང་། ས་སྐྱའི་ཁྲི་རབས་བཅུ་གཉིས་པ་མཛད་ནས་ཉིན་རེར་རྣམ་འགྲེལ་དང་རིགས་གཏེར་སོགས་ཆོས་ཚན་བདུན་རེ་ཆག་མེད་དུ་ཆོས་ཁྲིད་གནང་། སློབ་མ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་དང་།བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཡོད་ལ། རྗེ་ཙོང་ཁ་པ་ཆེན་པོས་སྣར་ཐང་ནས་འཇམ་སྐྱའི་ཕར་ཕྱིན་ལ་སློབ་གཉེར་མཛད་ཟེར་བའི་ཕར་ཕྱིན་རྩོམ་པ་པོའང་ཁོང་ཡིན་སྙམ། ཁོང་ཀུན་མཁྱེན་ཆེན་པོའི་སློབ་མ་ཡིན་པ་གང་ལས་རྟོགས་ཤེ་ན། སྐྱེས་རབས་ཁྱད་འཕགས་ལས། དེ་ནས་བྱི་བ་ལོ་ཡི་སྟོན་ཀར་ས་སྐྱར་གདན་དྲངས་ནས། མཁན་ཆེན་གཏོར་རྒྱལ།གནས་དྲུག་པ།འཇམ་སྟོན།འཇམ་སྒེག་ལ་སོགས་པ་ས་སྐྱ་པ་བརྒྱ་སྟོང་དུ་མ་ལ་ཁྲིད་བཙུགས། ཞེས་དང་། ཆག་ལོ་དང་ས་སྐྱའི་ཨ་མེས་སོགས་ཀྱིས་ཀུན་མཁྱེན་ཆེན་པོའི་སློབ་མ་རྣམས་བགྲང་སྐབས། འཇམ་སྔོན། འཇམ་སྒེ གཅེས་གསུངས་ལ། རྒྱལ་དབང་ལྔ་བས། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་སྤྲུལ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་སྦྱོར་བ་ཡན་ལག་དྲུག་གི་ཟབ་མོས་གྲོལ་བར་མཛད་པ་འཇམ་དབྱངས་སྒེག་པ་ནམ་མཁའ་དཔལ། ཞེས་གསུངས། དེར་མ་ཟད་རྒྱལ་དབང་ལྔ་བ་ཆེན་པོས་ཁོང་ཇོ་ནང་པ་ཡིན་པར་གསུངས་ཏེ། ཇོ་ནང་པའི་གྲྭ་པ་འཇམ་དབྱངས་སྒེག་པ་ཟེར་བ་གཟུགས་ཆུང་ངེ་བ་ཇོ་ཞྭ་གྱོན་པ་དེ་ལ་ཆོས་འཆད་ཀྱིན་བསྡད། ཅེས་གསུངས་ལ། གྷ་རུང་བ་ལྷའི་རྒྱལ་མཚན་གྱི་ཀུན་མཁྱེན་རིན་པོ་ཆེའི་རྣམ་ཐར་རྒྱས་པའི་ཟུར་མཆན་ལས། འཇམ་སྒེག་གིས་ཀུན་མཁྱེན་དོལ་པོ་བ་སྐུ་འདས་ནས་ཟླ་གཅིག་ཡས་མས་ཤིག་ལོན་པའི་དུས་སུ་ཁོང་གི་རྣམ་ཐར་ཞིག་བྲིས་ཞེས་གསུངས་པས་ཁོང་གི་ཀུན་མཁྱེན་གྱི་རྣམ་ཐར་ཞིག་ཡོད་པར་གསལ་ལ། མ་ཟད། རྣམ་ཐར་དེ་གྷ་རུང་བའི་ཀུན་མཁྱེན་རྣམ་ཐར་འབྲི་བའི་ས་བོན་ལྟ་བུ་བྱས་པའང་བཤད། ཁོང་ནི་མདོ་རྒྱུད་མང་པོ་དང་ཁྱད་པར་དུ་ཚད་མའི་བརྒྱུད་པ་ལ་གལ་ཆེན་ཞིག་ཏུ་མཐོང་། སྤྱིར་བཅོམ་ལྡན་རིག་རལ་གྱི་རྣམ་ཐར་དང་མཛོད་ཀྱི་འགྲེལ་བ་ཁག་ཏུ་འཇམ་སྒེག་པ་ཞེས་མང་བོ་འབྱུང་བ་ནི་མཛོད་འགྲེལ་མངོན་པའི་རྒྱན་མཛད་པ་པོ་འཇམ་པའི་དབྱངས་ལ་གོ་བས་དེ་གཉིས་གང་ཟག་ཐ་དད་པ་ཡིན་ལ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་རྣམ་ཐར་དུ་མཁས་པ་འཇམ་སྒེག་པ་སོགས་རྩོད་པས་ཕམ་པར་བྱས་ཞེས་པའི་མཁས་པ་དེ་མཛོད་འགྲེལ་མངོན་རྒྱན་མཛད་པ་པོ་ཡིན་པ་ལས་འཇམ་སྒེག་པ་ནམ་མཁའ་དཔལ་མིན་པར་གསལ།

༢རྒྱལ་སྲས་དངུལ་ཆུ་ཐོགས་མེད་ནི། རབ་བྱུང་ལྔ་པའི་ཤིང་ལུག་ཕྱི་ལོ་༡༢༩༥ལོར་སྐུ་འཁྲུངས། ཨེའི་ཆོས་གྲྭ་ནས་མངོན་པ་ཀུན་བཏུས་དང་། བྱམས་ཆོས་སྡེ་ལྔ། སྤྱོད་འཇུགདབུ་མ་རིགས་ཚོགས་བཅས་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ལོ་ཉེར་གསུམ་པར་གཙང་ཕྱོགས་ཀྱི་ཆོས་གྲྭ་ཀུན་ཏུ་གྲྭ་སྐོར་མཛད་ཅིང་ཐོགས་མེད་གཉིས་པར་གྲགས་པའི་མཚན་སྙན་རྒྱས། ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་བཞི་བཅུ་ལྷག་བསྟེན་པ་དང་། མདོ་སྔགས་ཐམས་ཅད་ཀྱི་དགོངས་པ་མ་ལུས་པ་ཐུགས་སུ་ཆུད་པར་མཛད་དེ་བཤད་སྒྲུབ་གཉིས་ཀའི་བསྟན་པའི་བདག་པོར་གྱུར། གསུང་རྩོམ་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་དང་། རྒྱལ་སྲས་ལག་ལེན། སྤྱོད་འཇུག་དང་མདོ་སྡེ་རྒྱན། རྒྱུད་བླ་མའི་འགྲེལ་བ་སོགས་ཆོས་ཚན་བརྒྱ་དང་བཅོ་ལྔ་བཞུགས། ཁོང་ཀུན་མཁྱེན་ཆེན་པོའི་སློབ་མ་ཡིན་ཚུལ་རྣམ་ཐར་དུ་མ་ལས་གསལ་ཏེ། དག་སྣང་རྒྱ་ཆེན་སྦྱངས་པའི་བཤེས་གཉེན་བཅུའི་གྲངས་སུ་བགྲངས་ནས་གསུངས་ལ།སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་སྐལ་ལྡན་ངལ་གསོ་ལས། རྗེ་རིག་པ་འཛིན་པའི་ཡིག་ཆ་ནི་ཇོ་ནང་གི་སྲོལ་ཀ་དང་འབྲེལ་བ་སྟེ། དེ་ནི་བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རིན་ཆེན་ཡབ་སྲས་ནས་འཇམ་མགོན་གྲོལ་མཆོག་དང་། ཀུན་སྙིང་༼རྗེ་བཙུན་ཏཱ་ར་ནཱ་ཐའི་མཚན་གྱི་རྣམ་གྲངས་གཞན་ཏེ་ཀུན་དགའ་སྙིང་པོ།༽སོགས་མཁས་གྲུབ་ཀྱི་སྐྱེས་བུ་ཆེས་ཆེ་བ་དག་ལས་བརྒྱུད། ཅེས་གསུངས་ལ། སྤྱིར་རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཁོང་གི་ལྟ་བའི་རང་སྟོང་དང་གཞན་སྟོང་གི་གྲུབ་མཐའ་གང་དུ་གཏོགས་ཆ་མ་འཚལ་མོད། ཇོ་ནང་པ་དང་འབྲེལ་བ་དམ་ཟབ་ཡོད་མཁན་ཞིག་ཡིན་པ་ལ་ཐེ་ཚོམ་ཟ་མི་དགོས་ཏེ། འགྲན་གྱི་དོ་ཟླ་བྲལ་བའི་ཡོངས་འཛིན་གཉིས་ལས་བྱང་སེམས་བསོད་ནམས་གྲགས་ནི་ཀུན་མཁྱེན་ཆེན་པོའི་དངོས་སློབ་དང་དབུ་མའི་མན་ངག་ཁྱད་འཕགས་རྩོམ་སྐུལ་ཞུ་བ་བོ་ཡང་ཡིན། ཡོངས་འཛིན་གཉིས་པ་ནི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་དངོས་སློབ་དབུ་མ་པ་ཤེས་རབ་འབུམ་ལས་སྦྱོར་དྲུག་སྐོར་ལ་གསན་བསམ་དང་ཉམས་ལེན་རྒྱ་ཆེར་གནང་སྟེ་གྲུབ་པའི་རྟགས་མང་དུ་བྱུང་། དེར་མ་ཟད་ཁོང་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་དངོས་སློབ་ཡིན་ལ་ཕྱོགས་རྒྱལ་རྒྱུད་མཆན་ཞེས་པའི་དུས་འཁོར་འགྲེལ་ཆེན་གྱི་མཆན་འགྲེལ་རྩོམ་སྐུལ་ཞུ་བ་པོའང་ཡིན། ཁོང་གིས་མཛད་པའི་རྒྱལ་སྲས་ལག་ལེན་དེ་ཇོ་ནང་ཀུན་མཁྱེན་ཆེན་པོའི་སྔགས་ཀྱི་རྒྱལ་སྲས་ལག་ལེན་ཞེས་པའི་གཞུང་ཞིག་ཡོད་པ་དེར་གཞི་བཅོལ་ནས་མདོ་ཕྱོགས་ནས་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ལག་ལེན་རྣམས་ཤླཽཀ་སུམ་ཅུ་རྩ་བདུན་དུ་བྱས་ནས་མཛད་ཟེར་བའི་ངག་རྒྱུན་ཡོད་ཀྱང་ཡིག་ཆའི་ཁུངས་མ་མཐོང་།

༣མཆིམས་བློ་བཟང་གྲགས་ནི། རབ་བྱུང་ལྔ་པའི་ས་ཕག་ལོ་སྟེ་ཕྱི་ལོ་༡༢༩༩ལོར་སྐུ་འཁྲུངས།བཤེས་གཉེན་དུ་མ་བསྟེན་ནས་བཀའ་གདམས་པའི་གདམས་ངག་མ་ལུས་པ་ཐུགས་སུ་ཆུད་པར་མཛད། རབ་བྱུང་དྲུག་པའི་མེ་གླང་ལོར་སྣར་ཐང་གི་གདན་སར་བྱོན། དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་གཉིས་པ་མཛད་ནས་གདན་ས་ལོ་སོ་དགུའི་རིང་བསྐྱངས། འཆད་རྩོད་རྩོམ་པའི་ལམ་ནས་བཀའ་གདམས་ཀྱི་བསྟན་པ་སྤེལ། གསུང་རྩོམ་ལ་མཆིམས་ཆུང་དུ་གྲགས་པའི་མཛོད་འགྲེལ་གྲགས་ཆེ་བ་ཞིག་ཡོད། ཁོང་ཀུན་མཁྱེན་ཆེན་པོའི་སློབ་མ་ཡིན་པའི་སྐོར་ཀུན་མཁྱེན་ཆེན་པོའི་འབུམ་དུས་འཁོར་རྫོགས་ལྡན་གྱི་ལུགས་སུ་འཆད་སྐབས་རྣམ་ཐར་དང་། གྷ་རུང་བའི་ཀུན་མཁྱེན་རྣམ་ཐར་བསྡུས་པ་སོགས་ཀུན་མཁྱེན་ཆེན་པོའི་རྣམ་ཐར་ཁག་ཏུ་གསལ་ལ།ཀུན་མཁྱེན་ཕྱོགས་རྒྱལ་བའི་རྒྱུད་འགྲེལ་བཤད་པ་ལ་འཇུག་པ་ངོ་མཚར་རྟོགས་བརྗོད་ལས་ཀྱང་། མཁན་རིན་པོ་ཆེ་བསོད་ནམས་གྲགས་པ་དང་། དཔལ་སྣར་ཐང་གི་གནས་བརྟན་ཆེན་པོ་མཆིམས་བློ་བཟང་གྲགས་པ་ལ་སོགས་པ་དང་། ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་དུས་འཁོར་ཆོས་འབྱུང་ལས། མཆིམས་བློ་བཟང་གྲགས་པས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་དངོས་སུ་གཟིགས་པ་ཡང་ཡང་བྱུང་བ། ཞེས་སློབ་མ་ཡིན་པ་ཙམ་དུ་མ་ཟད་དག་སྣང་ཤིན་ཏུ་ཆེ་བར་གསུངས། ཁོང་གི་ཞལ་སློབ་དཔང་ལོ་སོགས་བསྟན་ལ་བྱ་ར་བྱེད་པའི་མཁས་གྲུབ་དུ་མ་ཡོད།

༤རིགས་ལྡན་རྒྱལ་བ་ཇོ་བཟང་བ་ནི། སྐྱེས་སྟོབས་ཀྱི་བློ་གྲོས་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། ཆོས་རྗེ་ཕྱོགས་རྒྱལ་བ་དང་། མཚལ་མིན་པ་བསོད་ནམས་བཟང་པོ་སོགས་ཀྱི་མདུན་ནས་ཟབ་རྒྱས་ཆོས་ཀྱི་གདམས་པ་མང་དུ་ཞུས་ཤིང་། ལྷག་པར་དུས་འཁོར་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ནོས་ཏེ། ཐོས་བསམ་མཐར་ཕྱིན་ཅིང་སྒྲུབ་པའི་རྒྱལ་མཚན་གཡོ་མེད་དུ་བཟུང་བས་ངེས་དོན་བསྟན་པའི་བདག་པོར་གྱུར་ཏེ་ཇོ་ནང་གི་གདན་སར་བཞུགས་ལ། དམ་པ་འདིའི་སློབ་མ་ནི་དུས་ཀྱི་འཁོར་ལོའི་བསྟན་པ་འཛིན་པ་ལ་མཆོག་ཏུ་གྱུར་བ་བྱང་བ་ཆོས་རྒྱལ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་དང་། གྲུབ་ཆེན་ཀུན་དགའ་བློ་གྲོས་སོགས་ཡིན་ཏེ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་མཛད་པའི་ཆོས་རྒྱལ་རྣམ་རྒྱལ་གྲགས་པ་བཟང་པོའི་རྣམ་ཐར་དུ།ཆོས་རྗེ་ཇོ་བཟང་ཆེན་པོ་རྒྱལ་བ་དཔལ་ལ་ཡང་། དཔལ་དུས་ཀྱི་འཁོར་ལོའི་བཀའ་ལུང་ནམ་ངག་རྒྱ་ཆེར་ནོས་ནས། དབང་བརྒྱུད་ཀྱི་གཙོ་བོར་མཛད། རྒྱུན་བཞེས་ཀྱི་ཆོ་གའི་ངག་འདོན་ཐམས་ཅད་ལ། ཇོ་བཟང་ཆེན་པོ་སོགས་རྡོ་རྗེ་རྣལ་འབྱོར་དངོས་སུ་སྟོན་མཛད་པའི། རིགས་ལྡན་བརྒྱུད་པ་ཞེས་ཁོ་ན་འབྱུང་བས་ཁོང་དུ་ཆུད་པར་ནུས་ལ། ཞེས་དང་། འཇམ་དབྱངས་དཀོན་མཆོག་བཟང་པོས་མཛད་པའི་གྲུབ་ཆེན་ཀུན་བློའི་རྣམ་ཐར་དུ། ཆོས་རྗེ་ཇོ་བཟང་ཆེན་པོ་ལ་དུས་འཁོར་རྒྱུད་འགྲེལ་ཕྱོགས་མཆན་གྱི་སྟེང་ནས་དཔྱིས་ཕྱིན་པར་གསན་ལ། གཞན་ཡང་དབང་མདོར་བསྟན་རྩ་འགྲེལ་ལ་སོགས་པ་མང་དུ་གསན་ནོ།། ཞེས་གསུངས་ལ།རིགས་ལྡན་རྒྱལ་བ་ཇོ་བཟང་བ་ཀུན་མཁྱེན་ཆེན་པོ་དོལ་པོ་སངས་རྒྱས་ཀྱི་ཞལ་ཟིན་པའི་སློབ་མ་ཡིན་ཏེ། སྦྱོར་དྲུག་བརྒྱུད་པའི་གསོལ་འདེབས་བྱིན་རླབས་གཏེར་མཛོད་ལས། ཡང་ཇོ་ནང་མཁན་བརྒྱུད་ནས་དེད་ན། ཀུན་མཁྱེན་ཆེན་པོ་ཡང་གོང་དང་འདྲ་བ་ལ། ཀུན་མཁྱེན་ཆེན་པོས་ཇོ་བོ་བྱང་ཆུབ་ཐུགས་བཟང་རྒྱལ་བ་དཔལ་ལ་གནང་། དེས་རྒྱལ་སྲས་ཆོས་དཔལ་མགོན་པོ་ལ།ཞེས་གསུངས་པས་ཀུན་མཁྱེན་ཆེན་པོའི་དངོས་སློབ་ཡིན་པར་གྲུབ་ལ། ཁོང་གི་གསུང་རྩོམ་ཀུན་མཁྱེན་ཡབ་སྲས་བཅོ་ལྔའི་རྣམ་ཐར་དང་གསོལ་འདེབས་ཆོས་འཁོར་མའི་མཛད་པོའང་ཁོང་ཡིན་པར་ཐེ་ཚོམ་ཟ་བའི་གནས་ཙམ་ཡང་མེད་དོ།། མཚན་གྱི་རྣམ་གྲངས་ནི་མཁན་ཆེན་རྒྱལ་བ་ཇོ་བཟང༌། རྗེ་དུས་འཁོར་བ་ཆེན་པོ་རྒྱལ་བ་དཔལ། ཇོ་བོ་བྱང་ཆུབ་ཐུགས་བཟང་རྒྱལ་བ་དཔལ་རྣམས་ཡིན།

༥ ཁམས་པ་ཐུགས་བརྩོན་ནི། ཚད་ཕར་མངོན་གསུམ་ལ་མཁས་པའི་དགེ་བཤེས་ཆེན་པོ་ཞིག་ཡིན་ལ། ཁོང་དབུས་ཕྱོགས་སུ་གྲྭ་སྐོར་ལ་ཕེབས་པའི་ཞོར་དུ་ཇོ་ནང་ལ་བྱོན་ནས་ལོ་ཙཱ་བ་བློ་གྲོས་དཔལ་དང་མཇལ་ཏེ་ཆོས་འབྲེལ་ཞུས། ཀུན་མཁྱེན་ཆེན་པོར་མཇལ་བར་དོགས་ནས་སྐུ་འབུམ་མཐོང་གྲོལ་ལ་ལོག་སྐོར་བྱས་པ་ན་ཀུན་མཁྱེན་རིན་པོ་ཆེར་མཇལ་བས་དབང་མེད་དུ་ཕྱག་འབུལ་དགོས་བྱུང་། ཕྱིས་སུ་མཚུར་ཕུར་ཕེབས་ནས་མངོན་ཤེས་ལ་ཐོགས་མེད་དུ་མངའ་བའི་ཞྭ་དམར་ཅོད་པན་འཛིན་པ་སྐུ་ཕྲེང་དང་པོ་གྲགས་པ་སེངྒཻའི་དྲུང་དུ་བཅར་ནས་ཀུན་མཁྱེན་ཇོ་ནང་པ་བདུད་གང་གི་སྤྲུལ་བ་ལགས་ཞུས་པ་ན། དབུ་ཧྲིལ་གྱིས་བཏུམས་ནས་ཁྱོད་ཀྱིས་བཤད་ཚར་རམ་གསུངས། ཅི་ལགས་ཞུས་པས། དེ་ནི་རིགས་ལྡན་གྱི་སྤྲུལ་བའི་སྐུ་དངོས་ཡིན་པས་ངའི་ངག་ལ་ཉན་ན་ཀུན་མཁྱེན་ལ་བཤགས་པ་གྱིས་དང་རྗེས་སུ་འཛིན་པར་འདུག་གསུངས་པས་དེ་མ་ཐག་ཀུན་མཁྱེན་ཆེན་པོ་ཆུ་བཟང་ན་བཞུགས་པའི་དྲུང་དུ་ཕྱིན་ནས་གསེར་གྱི་མཎྜལ་ཕུལ་ཏེ་བཤགས་པ་བྱས། ཞབས་བཀྲུས་པའི་ཆུ་བཏུང་ནས་ཆོས་ཞུས་པས་ཉམས་རྟོགས་བཟང་པོ་སྐྱེས་སོ།།

༦གཡག་སྡེ་པཎ་ཆེན་ནི། གཡག་སྡེ་བྱེ་མ་རུ་ས་མོ་ཕག་ལ་སྐུ་འཁྲུངས། སྔ་གཞུག་ཏུ་བླ་མ་བརྒྱ་ལྷག་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་ཞིང་། ཁྱད་པར་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་མདུན་ནས་དབང་དང་རྒྱུད་ཀྱི་བཤད་པ་དང་། རི་ཆོས་ངེས་དོན་རྒྱ་མཚོ་སོགས་ཆོས་བཀའ་དུ་མ་གསན་ནས་ཨེ་ཝཾ་གི་དགོན་པ་བཏབ་སྟེ་གཞན་དོན་རྒྱ་ཆེར་མཛད་ལ། ཁོང་གིས་དཀའ་གནད་འགའ་ལས་བརྩམས་ཏེ་ཀུན་མཁྱེན་ཆེན་པོར་དྲི་བ་ཕུལ་བ་ལའང་ཀུན་མཁྱེན་བླ་མས་གཡག་སྡེ་པཎ་ཆེན་གྱི་དྲིས་ལན་ཞེས་པའི་གཞུང་ཞིག་བརྩམས་གནང་མཛད་ཅིང་། བླ་སློབ་ཕན་ཚུན་ཐུགས་སྣང་ཤིན་ཏུ་མཐུན་པོ་ཡོད་དེ། སྐྱེས་རབས་རྣམ་ཐར་ལས། ས་སྐྱའི་བླ་མ་གཞི་ཐོག་པ། ཀུན་སྤངས་པ། དཔོན་ཆེན་རྒྱལ་བཟང་། བྱང་པ་སི་ཏུ། གཡག་སྡེ་པཎ་ཆེན་ལ་སོགས་དབུས་གཙང་གི་མཁས་མཆོག་མང་པོ་ལ་ཁྲིད་གསུངས་སོ།།མཁས་པ་དེ་དག་གིས་ཞབས་དྲུང་དུ་སྐྱེས་པར་སྨོན་ལམ་བཏབ། ཤིན་ཏུ་ཐུགས་མཐུན་ནས་འབྲལ་མི་ཕོད་དོ།། ཞེས་སོ།། ཁོང་ལ་གསུང་རྩོམ་གང་ཡོད་ཆ་མ་འཚལ་མོད། མདོ་རྒྱུད་མང་པོའི་བརྒྱུད་པ་གལ་ཆེན་ཞིག་ཏུ་དམ་པ་གོང་མ་དག་གི་གསན་ཡིག་ཁག་ལས་རྟོགས་ལ། ཞལ་སློབ་ནི་མཁས་ཤིང་ཟབ་མོའི་ཐུགས་དམ་ལ་མངའ་བརྙེས་པ་རི་ཁྲོད་པ་མགོན་པོ་ཡེ་ཤེས་དང་། མཁས་གྲུབ་བྱང་ཆུབ་རྒྱལ་མཚན་སོགས་ཡོད།

༧བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནི། རབ་བྱུང་ལྔ་པའི་ཆུ་བྱི་ལོ་སྟེ་ཕྱི་ལོ་༡༣༡༢ལོར་དཔལ་ས་སྐྱའི་གདུང་རྒྱུད་དུ་སྐུ་འཁྲུངས། བཤེས་གཉེན་བཅུ་ཕྲག་གཉིས་ལྷག་བསྟེན་ནས་མདོ་སྔགས་ཀྱི་གཞུང་ཆེན་ཁག་དང་། སྒྲ་སྙན་ངག་སོགས་རིག་པའི་གནས་མཐའ་དག་ཐུགས་སུ་ཆུད་དེ་གངས་ཅན་མཁས་པ་ཀུན་གྱི་གཙུག་རྒྱན་དུ་གྱུར།ས་སྐྱ་དང་སྙེ་ཐང་། བོ་དོང་། བསམ་ཡས་སོགས་སུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། སློབ་མ་ལ་བུ་སྟོན་རིན་པོ་ཆེ་དང་། རྗེ་རིན་པོ་ཆེ་སོགས་མཁས་གྲུབ་དུ་མ་བྱོན། གསུང་རྩོམ་ལ། མདོ་སྔགས་ཀྱི་གཞུང་ཆེན་ཁག་གི་འགྲེལ་བ་སོགས་པོད་ཉི་ཤུ་ལྷག་བཞུགས། ཁོང་ཇོ་ནང་ཀུན་མཁྱེན་གྱི་སློབ་མ་ཡིན་པ་གང་ལས་གསལ་ཞེ་ན། སྐྱེས་རབས་རྣམ་ཐར་ལས། ནུབ་ཆོས་ལུང་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་གདན་དྲངས་ནས། དགེ་བའི་བཤེས་གཉེན་ཉིས་བརྒྱ་ཙམ་ལ་ཁྲིད་གནང་། བཀའ་བསྡུ་བཞི་པའི་གླེགས་བམ་གཞུང་འགྲེལ་ལ་སོགས་མང་པོ་མཛད་པར་བསྐུལ་ནས་ཞུས་སོ།། ཞེས་དང་། འབུམ་དུས་འཁོར་ལུགས་སུ་འཆད་སྐབས་ཀྱི་རྣམ་ཐར་ལས་སློབ་མ་རྣམས་བགྲང་སྐབས་དགེ་སློང་བསོད་ནམས་རྒྱལ་མཚན།ཞེས་གསུངས་པ་དེའང་ཁོང་ཡིན་ནམ་སྙམ།
༨མཁན་ཆེན་བསོད་ནམས་གྲགས་པ། རབ་བྱུང་ལྔ་པའི་ཆུ་བྱ་སྟེ་ཕྱི་ལོ་༡༢༧༣ལོར་སྙི་མོ་ཕུན་སུམ་དུ་འཁྲུངས། སྔ་ཕྱིར་བླ་མ་མང་དུ་བསྟེན་ནས་ཤེར་ཕྱིན་དང་། ས་སྡེ་ལྔ། ཁྲོ་ཕུ་བའི་མན་ངག་བརྒྱ་རྩ། ལུང་སྡེ་བཞི།དབུ་མ་འཇུག་པ་དང་། བདེ་མཆོག་དང་ཀྱཻ་རྡོར། དུས་འཁོར་སོགས་དབང་ལུང་མན་ངག་མཐའ་ཡས་པ་གསན། ང་བཞི་པར་ཆོས་ལུང་པའི་མཁན་སར་ཕེབས། ཚོགས་པ་ལོ་ཉེར་བརྒྱད་བསྐྱངས། བདུན་ཅུ་བཞེས་པ་ཕྱི་ལོ་༡༣༤༥ལོར་སྐུ་གཤེགས།སློབ་མ་གྲགས་ཆེ་བ་ནི་རྒྱལ་སྲས་ཐོགས་མེད་བཟང་པོ། བུ་སྟོན་རིན་ཆེན་དོན་གྲུབ་སོགས་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་བཞུགས་ལ། ཀུན་མཁྱེན་ཆེན་པོས་བསྙེན་རྫོགས་ཞུ་ཡུལ་གྱི་མཁན་པོའང་ཁོང་ཡིན། ཁོང་ཡང་ཀུན་མཁྱེན་ཆེན་པོའི་སློབ་མ་ཡིན་ཏེ། ངོ་མཚར་རྟོགས་བརྗོད་ལས། སྡོམ་བརྩོན་དུ་མའི་གཙུག་གི་ནོར་བུ་ལྟར་གྱུར་ཅིང་། ཆོས་རྗེ་ཉིད་ཀྱིའང་བསྙེན་པར་རྫོགས་པའི་མཁན་པོ་ཡིན་པ། མཁན་ཆེན་རིན་པོ་ཆེ་བསོད་ནམས་གྲགས་པ་དང་། དཔལ་སྣར་ཐང་གི་གནས་བརྟན་ཆེན་པོ་མཆིམས་བློ་བཟང་གྲགས་པ་ལ་སོགས་པ་དང་། མཁས་པའི་དབང་པོ་དུ་མ་རྣམས་དང་ཉམས་རྟོགས་ཕུལ་དུ་བྱུང་བ་དང་ལྡན་པའི་སྒྲུབ་པ་ཕོ་མོ་དུ་མ་དང་། གཞན་ཡང་སྐྱེ་བོ་རབ་ཏུ་མང་པོ་སྨིན་པ་དང་གྲོལ་བར་མཛད་ལ། ཟབ་པ་ལས་ཀྱང་ཆེས་ཟབ་པའི་འགྲེལ་བ་སྐོར་གསུམ་ཡན་ལག་དང་བཅས་པ་ལ་སོགས་པ་བསྟན་པའི་སྙིང་པོ་དར་ཞིང་རྒྱས་པར་མཛད་དོ།། ཞེས་དང་གཞན་ཡང་གྷ་རུང་བའི་རྣམ་ཐར་སོགས་ལས་ཀྱང་མཁན་ཆེན་ཁོང་ཀུན་མཁྱེན་ཆེན་པོའི་སློབ་མ་ཡིན་པར་གསུངས་ལ། མ་ཟད་ཁོང་རི་ཆོས་ངེས་དོན་རྒྱ་མཚོ་དང་། དབུ་མའི་མན་ངག་ཁྱད་འཕགས་གསུང་སྐུལ་མཛད་པོའང་ཡིན་པར་གཞུང་དེ་དག་གི་མཇུག་ཏུ་གསལ།

༩ཤངས་པ་དུས་འཁོར་བ་རྡོ་རྗེ་སྙིང་པོ་ནི། ཀུན་མཁྱེན་བླ་མའི་ཞབས་ལ་གཏུགས་ཏེ་དུས་འཁོར་སོགས་རྒྱུད་སྡེ་མང་པོ་དང་ངེས་དོན་གྱི་བསྟན་བཅོས་མང་དུ་གསན་ཏེ། དུས་འཁོར་དང་ངེས་དོན་མདོ་སྡེ་ལ་མཁས་ཤིང་། ཉམས་རྟོགས་ཤིན་ཏུ་མཐོ་བས་ཀུན་གྱིས་བཀུར་བའི་གནས་སུ་གྱུར། དུས་འཁོར་བདེ་ཆེན་གླིང་ཟེར་བའི་དགོན་པ་ཞིག་ཤངས་སུ་བཏབ་ནས་ཀུན་མཁྱེན་ཆེན་པོ་རབ་གནས་ལ་གདན་དྲངས་མཛད་པ་སོགས་བསྟན་འགྲོར་སྨན་པའི་ཕྱག་ལས་རྒྱ་ཆེར་གནང་བའོ།། ཁོང་ཀུན་མཁྱེན་ཆེན་པོའི་ཞལ་སློབ་ཡིན་པ། ཀུན་མཁྱེན་ཆེན་པོའི་འབུམ་དུས་འཁོར་རྫོགས་ལྡན་ལུགས་སུ་གསུང་སྐབས་ཀྱི་རྣམ་ཐར་དང་ཆག་ལོའི་དུས་འཁོར་ཆོས་འབྱུང་སོགས་སུ་གསལ་ལ། མ་ཟད་ཁོང་སྐུ་མྱ་ངན་ལས་འདའ་ཁར་ང་བདེ་བ་ཅན་དུ་འགྲོ།ཆོས་རྗེ་ཐམས་ཅད་མཁྱེན་ཡང་བྱོན་འདུག་ཅེས་གསུངས། ཀུན་མཁྱེན་ཆེན་པོས་ཇོ་ནང་རི་ཁྲོད་ནས་བླ་མ་དུས་འཁོར་བ་རྡོ་རྗེ་སྙིང་པོའི་ཕྱག་ཏུ་ཕུལ་བ། སྐུ་ཁམས་བཟང་ཞིང་ཐུགས་དམ་གཞན་དོན་བསྟན་པའི་བྱ་བ་འཕེལ་བར་འདུག་པའི་ཐད་ནས། གསུང་ཡིག་རྟེན་དང་བཅས་པ་གདུགས་རྩིབས་རིང་བ་སུམ་ཅུ་རྩ་བདུན། ཐུང་བ་བཅོ་བརྒྱད་དང་བཅས་པ་དཔོན་བསྒོམ་པ་གཉིས་ཀྱི་འདིར་འཕྲོད་པས། རྗེས་སུ་ཡི་རངས་ཞིང་སེམས་དགའ་ཞེས་དུས་འཁོར་བ་རྡོ་རྗེ་སྙིང་པོ་ལ་གདམས་པ་ཞེས་པའི་ཞལ་གདམས་ཤིག་ཀྱང་གསུངས།

༡༠ མཁན་ཆེན་དོན་གྲུབ་དཔལ་བཟང་པོ་ནི། ཆུ་མོ་ཡོས་ཀྱི་ལོ་ལ་སྐུ་འཁྲུངས་ཤིང་། བཤེས་གཉེན་དུ་མའི་མདུན་ནས་ཚད་མ་རྣམ་ངེས་འདུལ་བ་མདོ་རྩ། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་སོགས་ལ་རྒྱུན་དུ་འཆད་ཉན་བྱས་ཤིང་། ཚོགས་ཆེན་པོའི་གདན་ས་ལོ་བཅོ་ལྔའི་བར་དུ་མཛད་ནས་དབུས་གཙང་གི་དད་ལྡན་དང་སློབ་མ་མང་པོའི་ཡོན་གནས་སུ་བཀུར། དེའི་རྗེས་ཀརྨ་པ་རང་བྱུང་རོལ་པའི་རྡོ་རྗེས་རབ་བྱུང་མཛད་པའི་མཁན་པོ་ལ་གདན་དྲངས་ནས་བྱོན་ཏེ། གྲུབ་ཐོབ་ཆེན་པོས་གཙོ་མཛད་གང་ཟག་མང་པོ་ལ། དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་གནང་། གཞན་ཡང་སྔ་ཕྱིར། ཆེན་པོ་དགེ་བློ་བ་ལ་སོགས་པའི་གང་ཟག་དཔག་ཏུ་མེད་པ་ལ་བསྙེན་གནས་དང་།དགེ་བསྙེན་དགེ་ཚུལ་ལ་སོགས་པའི་སྡོམ་པ་ཕོག་སྟེ་བསླབ་པས་སྨིན་པར་མཛད་ཅིང་། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་མདུན་ནས་སྦྱོར་བ་ཡན་ལག་དྲུག་དང་།བསྙེན་སྒྲུབ་ལ་སོགས་པ་རྣམས་ལ་ཉིན་མཚན་དུ་མཉམ་པར་བཞག་པས་འོད་གསལ་རྒྱུན་ཆད་མེད་པར་གཟིགས་པ་སོགས་སྐུ་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་དང་། བསྟན་འགྲོར་སྨན་པའི་ཕྱག་ལས་རྒྱ་ཆེར་གནང་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནོ།། གཞན་ཡང་ཆག་ལོའི་དུས་འཁོར་ཆོས་འབྱུང་སོགས་ལས་ཁོང་ཀུན་མཁྱེན་ཆེན་པོའི་ཞལ་སློབ་ཡིན་པར་གསུངས་ལ། ཁོང་གི་སློབ་མ་ཀུན་མཁྱེན་ཕྱོགས་རྒྱལ་སོགས་ཡོད། དེ་མིན་ཆོས་རྗེ་ཐམས་ཅད་མཁྱེན་པ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཞལ་སློབ་ལ། བདེ་བ་ཅན་འཇམ་རིན་པ། སྙེ་ཐང་མཁན་ཆེན་བཀྲ་ཤིས་སེངྒེ། གནས་དྲུག་པ་བློ་གྲོས་མཚུངས་མེད། དུས་འཁོར་བ་དགེ་འདུན་དཔལ། ས་སྐྱའི་འཇམ་དབྱངས་བཞི་ཐོགས་པ།ལོ་ཆེན་བྱང་རྩེ། བླ་མ་མཁའ་སྤྱོད་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བགྲང་ལས་འདས་པ་ཞིག་ཡོད་པས་འདིར་མིང་ཙམ་སྨོས་དགོས་ནའང་དཀའ་བར་འདུག་སྟེ། ཀུན་མཁྱེན་ཆེན་པོའི་འབུམ་དུས་འཁོར་རྫོགས་ལྡན་ལུགས་སུ་འཆད་ཀྱི་རྣམ་ཐར་ལས། འབུམ་དུས་འཁོར་མ་རྫོགས་ལྡན་གྱི་ལུགས་སུ་བཤད་ལ། གསན་པ་པོ་ནི། བླ་མ་ཀུན་སྤངས་ཆེན་པོ་ཆོས་གྲགས་དཔལ་བཟང་པོ་པ། བླ་མ་ཤར་བ་རིན་ཆེན་རྒྱལ་མཚན། ་མ་ལོཙྪ་བ་བློ་གྲོས་རྒྱལ་མཚན། བླ་མ་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་བ། མཁན་པོ་གནས་དྲུག་པ་དགེ་འདུན་དཔལ་པ། བླ་མ་རྒྱལ་མཚན་འབྱུང་གནས་པ། བླ་མ་ཤངས་པ་དུས་འཁོར་བ་རྡོ་རྗེ་སྙིང་པོ། མཁན་པོ་འོད་གསལ་ཆུང་བ་ལྷ་དབང་བློ་གྲོས་པ། སྣར་ཐང་པ་སློབ་དཔོན་ཆེན་པོ་ངག་དབང་། ཞེས་ཁོང་གིས་ལྷ་སའི་བྲག་ལྷ་ཀླུ་ཕུག་ནས་འབུམ་དུས་འཁོར་རྫོགས་ལྡན་ལུགས་སུ་གསུང་སྐབས་ཀྱི་གསན་པ་པོ་མཁས་པ་ཆེན་པོ་བརྒྱ་དང་བརྒྱད་ཅུ་ལྷག་གི་མཚན་དངོས་སུ་སྨོས་ལ མ་ཟད་གཞུང་དེ་ལས། གཞན་ཡང་སྒྲུབ་པ་པོ་བཟང་པོ་དང་། སྒྲུབ་པ་པོ་ཕྱེད་དང་སུམ་བརྒྱ་ཙམ་དང་།གཞན་ཡང་ཕྱོགས་ཕྱོགས་ནས་བྱོན་པ་ནར་མར་གསན་པ་དང་། གློ་བུར་དུ་ལྷགས་པ་རྣམས་དང་བཅས་པ་སྟེ། ཞེས་དང་། ཆག་ལོ་ཙཱ་བའི་རིན་ཆེན་ཆོས་རྒྱལ་གྱི་དུས་འཁོར་ཆོས་འབྱུང་ལས། ཁོང་གི་ཞལ་སློབ་ལ་མཁས་པ་བདུན་ཅུ་དོན་དྲུག་གི་མཚན་དངོས་སུ་སྨོས་ནས་མཇུག་ཏུ་བཅོམ་ལྡན་རྡོ་རྗེ་སྙིང་པོ་སོགས་དུས་ཀྱི་འཁོར་ལོ་ལ་མཁས་ཤིང་ཡོངས་སུ་གྲགས་པའི་སློབ་མ་མང་དུ་བྱུང་ལ། ཏི་ཤྲི་ཀུན་དགའ་རྒྱལ་མཚན། ཆོས་ཀྱི་རྒྱལ་མཚན། བློ་གྲོས་རྒྱལ་མཚན།བཞི་ཐོགས་པ་ལ་སོགས་པ་ས་སྐྱའི་གདུང་རྒྱུད་པ་རྣམས་དང་། རྟོགས་ལྡན་དར་རྒྱལ་བ།གྲུབ་ཐོབ་དབུས་པ། བླ་མ་མཁའ་སྤྱོད་པ། སྒོམ་ཁང་པ་ཆོས་ཀྱི་རྒྱལ་མཚན་ལ་སོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་མང་དུ་བྱོན་ནོ།། ཞེས་གསུངས་ལ། གྷ་རུང་བས་མཛད་པའི་ཀུན་མཁྱེན་རྣམ་ཐར་བསྡུས་པ་དང་། ཁོང་གི་སྐྱེས་རབས་རྣམ་ཐར་སོགས་ལས་ཀྱང་རང་ཅག་ལ་ཡོངས་གྲགས་མིན་པའི་སློབ་མ་མང་པོའི་མཚན་སྨོས་ནས་གསུངས་ལ། དེར་མ་ཟད་སྐབས་དེ་དུས་ཀྱི་མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་ཆེན་རྣམས་ཀུན་མཁྱེན་ཆེན་པོའི་སློབ་མར་མ་གྱུར་པ་མེད་པ་ལྟ་བུ་སྟེ། འཇམ་མགོན་བླ་མ་ཏཱ་ར་ནཱ་ཐའི་དུས་འཁོར་ཆོས་འབྱུང་ལས། ཆོས་རྗེ་ཐམས་ཅད་མཁྱེན་པ་འདི་ལ། རིགས་ལྡན་གྱི་སྤྲུལ་པ་ཡིན་པའི་སྙན་གྲགས་ཆེ་བ་དང་། དཔལ་དུས་ཀྱི་འཁོར་ལོའི་ཆོས་ཀྱི་མངའ་བདག་ཆེན་པོར་མངོན་སུམ་དུ་བཞུགས་པ་ལ་བརྟེན། དུས་མཉམ་གྱི་དགེ་བཤེས་ཕལ་མོ་ཆེ་ཞིག་གིས། ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་ཡིན། དབང་རྒྱུད་མན་ངག་རྫོགས་པར་གསན་པ་ཡང་སྟོང་ཕྲག་མང་པོ་དང་། དབང་དང་འཁྲིད་ཆ་ཚང་བ་ཐོབ་པ་ཁྲི་ཕྲག་བརྒལ་བ་དང་། མཆོག་དབང་གོང་མ་དང་། སོ་སོར་སྡུད་པའི་འཁྲིད་གསན་ཅིང་ཉམས་མྱོང་སྐྱེས་པ་ནི་བགྲང་བར་མི་སྤོགས་པ་ཙམ་ཡོད་པར་གྲགས་ཤིང་། སྤྱིར་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད། སྒོས་སུ་བོད་ཀྱི་རི་སུལ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་གྱི་སྒྲུབ་པ་པོས་ཁྱབ་པ་དང་། བཤད་ཉན་གྱི་གྲྭ་ཐམས་ཅད་དུ། སྙིང་པོའི་མདོ་དང་རྒྱུད་བླ་མའི་བསྟན་བཅོས་ལས་བརྩམས། ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ། བདེ་གཤེགས་སྙིང་པོ་སེང་གེའི་སྒྲས་ཁྱབ་པར་མཛད་དེར། རྔ་བོ་ཆེའི་མདོ་ལས་ལུང་བསྟན་པ་བཞིན་དུ། ལོ་བརྒྱད་ཅུ་ལྷག་གི་བར་དུ་དེ་ལྟ་བུའི་རྒྱུན་གནས་པར་གྱུར། ཞེས་གསུངས་པ་བཞིན་དོན་ལ་གནས་སོ།། ཞེས་ཆོས་རྗེ་ཐམས་ཅད་མཁྱེན་པ་ཀུན་མཁྱེན་དོལ་པོ་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་འཁོར་༦༦༢ལོན་པའི་འདས་མཆོད་ཉིན་དམ་པ་ཉིད་ལ་མི་ཕྱེད་པའི་དད་པ་བརྟན་པའི་ཕྲིན་ལས་རྒྱ་མཚོར་འབོད་པས་སྦྱར་བའོ།།

དཔྱད་གཞིའི་ཡིག་ཆ།

  1. ཀུན་མཁྱེན་རྣམ་ཐར་སྐྱེས་རབས་ཁྱད་འཕགས། ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་།
  2. ཆག་ལོ་ཙཱ་བའི་དུས་འཁོར་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་།
  3. རྗེ་བཙུན་ཏཱ་ར་ནཱ་ཐའི་ཡི་དམ་རྒྱ་མཚོའི་སྒྲུབ་ཐབས། ཇོ་ནང་དཔེ་ཚོགས། མི་རིགས་དཔེ་བསྐྲུན་ཁང་།
  4. རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱི་རྣམ་ཐར་ཕྱོགས་བསྡུས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།
  5. འབུམ་དུས་འཁོར་རྫོགས་ལྡན་ལུགས་སུ་འཆད་སྐབས་ཀྱི་རྣམ་ཐར། མི་རིགས་དཔེ་བསྐྲུན་ཁང་།
  6. རྒྱུད་འགྲེལ་བཤད་པ་ལ་འཇུག་པ་ངོ་མཚར་རྟོགས་བརྗོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་།
  7. གྷ་རུང་བས་མཛད་པའི་ཀུན་མཁྱེན་རྣམ་ཐར་བསྡུས་པ། མི་རིགས་དཔེ་བསྐྲུན་ཁང་།
  8. རྗེ་བཙུན་ཏཱ་ར་ནཱ་ཐའི་དུས་འཁོར་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
  9. ས་སྐྱའི་ཨ་མེས་ཀྱི་དུས་འཁོར་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་།
  10. རྒྱལ་དབང་སྐུ་ཕྲེང་ལྔ་བའི་བསོད་ནམས་མཆོག་ལྡན་གྱི་རྣམ་ཐར་དད་པའི་རླབས་འཕྲེང་། ཀརྨ་བའི་བཀའ་བསྟན་གྱི་མཉེན་ཆས་ཀུན་གསལ་མེ་ལོང་།
  11. སྨྱུང་གནས་ཆོས་སྐོར། བླ་རུང་སྔ་འགྱུར་དཔེ་ཚོགས།

ནང་དོན་ཡོངས་ཁུངས། གོང་སྨད་རྩོམ་རིག་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།