བཅུ་པ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
ཕྱིར་ཕེབས་རྗེས་སུ་ཞག་ཤས་ཡིད་འཕྲེང་ཞིང་སྐྱོ་ཤས་ཆེ་བར་བྱུང༌། བཞུད་པའི་ནུབ་ཐོ་རངས་གཉིད་ཟི་བ་ཞིག་ལ་བླ་མ་ཕེབས་བྱུང་བས། ཡིད་ལ་དགའ་བ་དཔེ་མེད་བྱུང་སྟེ། བླ་མ་ཕེབས་པ་ལེགས། བཞུགས་ས་གང་དུ་མཛད་དམ་ཞུས་པས། ཁྱོད་ཀྱི་མགོ་ལ་ལོ་འབུམ་ཕྲག་གཅིག་སྡོད་དོ་གསུང་བ་རྨིས།
རིམ་པས། དེའི་གནངས་ཉིན་གངས་ཅན་ཆོས་འཕེལ་དུ་སླེབ(སླེབས)ཙམ་བྱས། དེ་ནས་མཚན་འགྲོས་ཀྱིས་མྱུར་བར་བཅད་ནས། རང་གནས་ཆོས་ལུང་དུ་སླེབ(སླེབས)། དེ་མཚམས་རྗེ་དྲུང་རིན་པོ་ཆེ་ཇོ་ནང་པ་གཏིང་སྐྱེས་ཕྱོགས་ནས་སྐུ་འཁོར་འཕྲལ་ཆོས་ལུང་དུ་ཕེབས་པ་དང་མཇལ། དེའི་སང་ནུབ་ནས་འབྲུམ་པའི་སྐྱ་ནད་ཀྱིས་ཐེབས། རྨི་ལམ་དུ་ཁྲག་གི་མཚོ་ཞིག་གི་ནང་དུ་ལུས་བྱིང་བ། སློབ་དཔོན་ཙནྡྲ་གོ་མི་ཡིན་ཟེར་བའི་མི་དཀར་པོ་ཞིག་གིས་བཏོན་པ་རྨིས།
དེ་ལོ་བཟླས་པའི་རིགས་དང་། ཟས་སྤྱོད་སོགས་འབྲུམ་པ་ཡང་བའི་ཐབས་བྱེད་པ་མ་བྱུང་ཞིང༌། དེ་གོང་ནས་ཀྱང་རྟོག་པ་རྩིང་ངེ་བ་དང༌། ནད་ཁོག་ཏུ་ཞུགས་ནས་ཀྱང་སྐྱ་ནད་མངོན་དུ་མ་གྱུར་བར་དུ་སྤྱོད་ལོག་འདྲ་ཡང་བྱུང་སོང་བས་ཡིན་པ་འདྲ། ཞག་ཉི་ཤུ་སྐོར་དུ་ཤིན་ཏུ་ན་བ་རང་བྱུང༌། འོན་ཀྱང་ནད་གཞུག་ཡུན་རིང་མ་བྱུང༌།
འབྲུམ་ལྐོགས་བྱེད་གོགས་ཙམ་ལ་སྡེ་པ་རིན་པོ་ཆེ་ཀ་བཞི་ནས་བདེ་མཆོག་ནག་པོ་པའི་དབང་ཞུ་བར་ཕེབས་བྱུང༌། སྔ་སོར་ནས་གསུང་ཕེབས་པ་དང་། སྐུ་སྣངས་ཆེ་བས་ཆོས་སྒུགས་ཡུན་རིང་གནང་དགོས་བྱུང་ན་མི་ལེགས་པར་ཤེས་ཏེ། ཁ་གསོའི་བསྙེན་པ་འཕྲལ་དུ་བཙུགས། བར་བར་དུ་དཔེ་ལྟ་དགོས་པར་བྱུང་བས། ཕྱིས་མིག་ལ་གནོད་པ་ཞིག་བྱུང༌།
མཚམས་གྲོལ་འཕྲལ་སྐུ་རྐྱང་དུ་དབང་བསྐུར་ཚར་གཅིག་དང༌། གཞན་དབང་ཆ་གཅིག་པ་ཞིག་བྱས། དེ་སྐབས་རིན་པོ་ཆེའི་དྲུང་གིས་མངོན་རྟོགས་ཆག་མེད་གནང་བའི་དམ་བཅའ་གནང་སོང་ནའང༌། ཟླ་བ་ལྔ་ཙམ་ནས། དབུས་ནས་མི་ཆེད་བཏད(གཏད)གནང་བ་ཞིག་ལ་བདེ་མཆོག་གི་མངོན་རྟོགས་ཆེན་མོ་མི་ལྕོགས་པ་འདུག་པས། དམ་བཅའ་འགྲོལ་དགོས་ཕེབས་བྱུང༌།
དཔལ་གྲོ་ནས་རྗེ་བཙུན་དྲུང་ཡང་ཆོས་ལུང་དུ་ཁོར་ཙམ་ཕེབས། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཤིག་དགོས་གསུང་པ་ལྟར་ཕུལ། དེ་ཡང་ཡིན་ནི། གཉིས་ཐད་ནས་ཕྱིའི་མཛེས་ཁྲིགས་ཙམ་གྱི་ཚུལ་ཀ་ཡིན་ཁོག་པ་ལོད་མཉམ་དུ་གདའ། ལར་ཡང་འདི་འདྲའི་རིགས་ཀྱི་ཆོས་ཞུ་བ་རང་མང་ལགས།
བར་སྐབས་སུ་སྒྲུབ་སྡེའི་སྒྲིགས(སྒྲིག)ལྷོད་པོར་སོང་འདུག་པས་ཕན་དུ་རེ་ནས། བསླབ་པ་འཆལ་ངེས་མངོན་མཚན་ཅན་གཉིས་བསྐྲད{ལ་གནས་དབྱུང་བྱས}། གཞན་རྣམས་ལ་སྙན་འབུལ་གང་དྲག་བྱས་ཀྱང་། ཆོས་ལུང་སྨོན་འགྲོ་ཡོན་མཆོད{བཅའ་ཁྲིམས་དམ་པ་ཞིག་བཅའ་བསམ་ནའང}ཐམས་ཅད་དགེས(དགྱེས)པོ་ནི་མི་འདུག་གོ །
སྤྱན་འདྲེན་ནན་ཞུས་བྱས་པ་ལྟར། བྲག་སྟོད་ནས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས། དཔོན་སློབ་རྣམས་ཀྱང་འདི་ལྟར་ཕེབས{པ་གནང་ཐུབ}། ཐོག་མར་ཞག་གཉིས་གསུམ་ཙམ་ཀུན་གསལ་དུ་སྐུ་ངལ་གསོ་བ་གནང་ཞིང༌། དེ་མཚམས་ནས་སྐྱིད་ཕུག་ཉིད་དུ་བཞུགས་ཡུལ་གནང༌།
འགྲེལ་ཆེན་དྲི་མེད་འོད་དང༌། རྡོ་རྗེ་སྙིང་འགྲེལ་དང་། དགྱེས་པ་རྡོ་རྗེའི་རྒྱ་གཞུང་མང་པོ་དང་བཅས་པའི་ལུང་ནོད་ཅིང༌། སྤྱིར་བླ་མ་དམ་པ་འདི་དང་འཇམ་དབྱངས་ཀུན་དགའི་མཚན་ཅན་ལས་ལེགས་པར་ཐོབ་པ་རྣམས་བསྡོམས་ན། དགེས(དགྱེས)རྡོར་སྐོར་ལ་གཙོ་ཆེའི་ཆོས་སྣ་སུམ་ཅུ་སོ་དགུ་དང༌། གཞན་ཡང་རྒྱ་གར་གྱི་གཞུང་འགྲེལ་དཔག་ཏུ་མེད་པའི་ལུང་ཐོབ་བོ། །འདི་སྐབས་རྡོ་རྗེ་གདན་བཞིའི་ཁྲིད་ཚུལ་རྒྱས་པ་དང༌། ཨཱརྱ་དེ་ཝའི་ཆོས་ལྔ་སོགས་རྒྱ་གཞུང་བཅུ། རྔོག་པའི་རྒྱུད་ཊཱིཀ་དང་མན་ངག །ས་ར་ཧའི་ཆོས་ལྔ་སོགས་ཀྱི་ལུང་ཐོབ་ཅིང༌། གཞན་ཡང་རྗེས་གནང་དང་བྱིན་རླབས་འགའ་རེ་ཞུས། དེ་ལྟར་ན་ཆོས་སྣ་རྣམ་གྲངས་རེའི་ཆོས་ཐུན་ཆེ་བ་རེ་མ་ཆག་པ་དང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང༌། སེམས་ཉིད་ངལ་གསོའི་ཁྲིད་ལ་ཉམས་ཁྲིད་དུ་ཞུས་ཏེ། ཞག་པོ་གསུམ་གསུམ་ནས་འཆར་སྒོ་དང་བསྟུན་དམིགས་པ་སྤོ་བ་སོགས་གནང༌། དུས་ཆེན་གྱི་སྔ་ཕྱི་ཐམས་ཅད་བསྡོམས་པས། ཟླ་བ་ལྔ་ཙམ་སྒོམ་བློ་བྱས་པས། མི་རྟོག་པ་ཀྲ་ཀྲི་དང་གསལ་རིག་ངོ་མཐོང་ཙམ་མ་གཏོགས་ཐག་ཆོད་རང་ཞིག་མ་བྱུང༌། དུས་ཆེན་གྱི་བདེ་མཆོག་སྒྲུབ་མཆོད་ལ་རྗེ་བཙུན་བླ་མ་འཁོར་ལོའི་མགོན་པོར(པོ)ཕེབས་ཤིང༌། ལས་ཀྱི་རྡོ་རྗེ་སློབ་དཔོན་བདག་གིས་བགྱིས། གཞིས་བྱེས་བསྡོམས་པས་བདེ་མཆོག་སྒྲུབ་མཆོད་པ་མཆོད་ཁང་དུ་མི་ཤོང་བ་ཙམ་བྱུང༌།
ལོ་སྔ་མ་སྟག་ལོ་དེ་དུས་ཆེན་ཆེན་མོ་ཡིན་ཀྱང་། དུས་བཟིངས་ཀྱི(ཟིང་གི)སྟབས་ཞབས་ཏོག་བཟབ(ཟབ)རྒྱས་རང་མ་བྱུང་འདུག་པས། དེའི་དོད་དུ་དེ་ལོ་རྒྱལ་གྱི་ཟླ་བ་ནས་བརྩམས། དུས་ཆེན་གཙོ་བོར་གྱུར་པའི་འཇུག(མཇུག)གི་ཧོར་ཟླ་གཉིས་པའི་མགོ་སྒང་ཡན་ཆད་ཙམ་ལ་ལག་ནས་མང་ཇ་ལྔ་བཅུ་ཙམ་དང༌། འབྲས་འཇམ་བཅུ་ཙམ། དར་འགྱེད་གསུམ། སྐམ་འགྱེད་སྔ་ཕྱིར་ལན་བཞི་ཙམ། ཡོན་བདག་སོ་སོའི་ཕྱོགས་ནས་བསྐུར་བ་དང་བཅས་པ་ཀུན་དྲིལ་བས། མང་ཇ་བརྒྱ་དྲུག་ཅུ་ཙམ། འཇམ་བཞི་བཅུ་ཞེ་དྲུག་ཙམ་བྱུང་ཞིང༌། ཡར་འབྲོག་ཡན་ཆད་ནས་ཡོན་བདག་སོ་སོས། རྗེ་དམ་པའི་དུས་དྲན་ཉིན་ལ་དམིགས་པའི་འགྱེད་སོགས་དཔག་ཏུ་མེད་པ་བྱུང་ཞིང༌། ཆོ་འཕྲུལ་དུས་ཆེན་གྱི་ཚེས་དགུ་ལ་ངམ་རིང་ནས་མང་ཇ་སྦྲེལ་མ་དང་བསྔོ་རྟེན་བཟང་བ་བཅུ་གཅིག་ཚན། གྲལ་འགྱེད་དཀྱུས་མཐུན་དང༌། སྤྱིར་ནས་ཁལ་སུམ་ཅུ་ཙམ་ཞིག་བྱུང༌།
ཕྱི་ལྟར་དུ་སྐུ་རིམ་ཡིན་པའི་ཁུངས་འདུག་ནའང༌། ངོ་བོ་ནི་བདག་པོ་ནམ་མཁའ་རྒྱལ་པོའི་དགོངས་རྫོགས་སུ་འདུག །{དེ་སྐབས་གསང་སྒོ་མ་རྡོལ་ཙམ་ལ་ཐམས་ཅད་ཀྱིས་གཤེགས་པར་ཐག་ཆོད་དུ་བྱེད་པ་ཞིག་ཡོད། མི་སྣ་ལ་ཆུ་འོག་ནང་སོ་བྱུང་ཞིང་། སྐྱོན་གནོན་པ་གནང་བ་རྣམས་དེ་སྐབས་མ་སླེབ(སླེབས)པར་ཕྱིས་སླེབ(སླེབས)།}
དུས་ཆེན་གྲོལ་ཁར་ཡར་འབྲོག་ནས་སྡེ་པ་སྒོ་མང་ཤོད་པ་གཤེགས་པའི་མང་ཇ་བསྔོ་རྟེན་རྣམས་ཀྱང་འབྱོར། {དུས་ཆེན་གྲོལ་མཚམས་ནས}རྗེ་བཙུན་བླ་མ་འཁོར་ལོའི་མགོན་པོར(པོ)བཞུགས། དམ་རྫས་བདུད་རྩི་རིལ་བུ་ཞིག་གི་སྒྲུབ་པ་བརྩམས་ཏེ། ཕྱེ་མ་དང་ལྡེ་གུའི་ཞག་ལ་དྲི་བཟང་ཆེ་བ་རང་ཡོད་ནའང༌། ཚོགས་རྫས་ལ་དམ་སེལ་ཅན་ཞིག་འདྲེས་པའི་རྐྱེན་གྱིས་དེ་འཕྲལ་རང་དྲི་བཟང་ཡལ་བ་ཞིག་བྱུང༌།
ཡང་ཞག་གསུམ་ཙམ་སྒྲུབ་པ་སྐྱོར་མ་མཛད་པས། ཀ་པཱ་ལའི་ནང་དུ་བདུད་རྩི་དཀར་པོ་དངོས་སུ་བབས་པ་དང༌། རྫས་རྣམས་ལས་ཚེག་སྒྲ་བརྒྱུད་མར་བྱུང་ཞིང་། དྲི་བཟང་ཆེན་པོས་རྩེ་ཞོལ་ཐམས་ཅད་ཁྱབ་པ་བྱུང༌། རིལ་བུའི་སྒྲུབ་པ་ཟིན་སྐབས། རྗེ་བཙུན་བླ་མའི་དྲུང་དུ་རིལ་བུ་ཐོད་པ་གང་ནམ་མཁའ་ལ་འཕར་བ་དང༌། མཁའ་འགྲོས་ལུང་བསྟན་པའི་གསལ་སྣང་ཁྱད་པར་ཅན་བྱུང་བར་འདུག །དེ་སྐབས་བསྟན་འཛིན་རིན་པོ་ཆེ་ནི་འབྲུམ་འཛེམ་གྱི་སྟབས། བླ་མ་དམ་པ་སྤྱན་འདྲེན་གནང་སྟབས་མ་བདེ་གསུངས་ནས། ཡར་ཇ་ཞུས་ཤིག་གནང་བྱུང༌། འདིར་སྡོད་པའི་སྔ་ཕྱི་བསྡོམས་པ་ལ་འདུལ་བའི་འཕྲོས་ནན་ཏན་དུ་ཀླགས(བཀླགས)། མདོ་རྩ་དང་གཏམ་རྒྱུད་ཐམས་ཅད་སྦྱོར་ཐུབ་པ་ཙམ་བྱུང༌།
དེ་ནས་དངོས(ངོས)ཅག་ལྷོ་ཕྱོགས་སུ་འགྲོ་བའི་རྩིས་ཡིན་ནའང༌། ཡར་འབྲོག་ནས་སྡེ་པ{མ་ཆེན}བསྟན་འཛིན་དྲུང་སྐུ་ཁམས་མ་འཚོ་བའི་སྟབས་ནས། ཆོས་དབང་པ་འབོད་མིར་བྱུང་ཞིང་། གསང་བརྟོལ་དང་སྒོ་བསྟུན་གྱི་སླེབ་དགོས་ཚུལ་འདུག་པ་ནས་མར་ཕྱོགས་འགྲོ་དགོས་ཤར། སླར་མ(མར)ཕྱོགས་འཁོར་བའི་ལྷོ་མཚམས་རི་ཁྲོད་ཅིག་ལ་བསྒྲིལ་བར་བློ་ཐག་གཅོད་པའི་ལུགས་སུ་བྱས། {ཞུ་བར་མི་འོས་ཀྱང་། འཚོ་ཆས་ཕྲན་བུ་བླ་མའི་ཕྱག་ནས་ཞུ་དགོས་སོགས་སྙན་དུ་ཕུལ།}
དེ་ནས་སྨོན་གྲོ། ཁྲམ་ཕུ། ཇོ་ནང་། ཨོ་རྒྱན་རྫོང་། སྣར་ཐང་། ཚོང་འདུས། བསམ་སྡིངས་སོགས་བརྒྱུད་ནས་འདོལ་བྱུང་དུ{འབྱོར།} ཞག་བཅུ་གཉིས་ཙམ་སྒུག་དགོས་བྱུང༌། དེ་ནས་རྩེ་ཆེན་གྱི་ཀླུ་སྡིངས་དང་རྒྱལ་རྩེར་ཡང་བཅག་མལ་ཞིག་འགོར།
ཧོར་ཟླ་བཞི་པའི་ཚེས་དྲུག་ལ་སྣ་དཀར་རྩེར་སླེབ(སླེབས)། དེ་སྐབས་དགོངས་རྫོགས་ཀྱི་སྒྲུབ་མཆོད་མངོན་དགའ{ཆོས་སྡེ}བ་ཐར་གླིང{ཆོས་སྡེ}བ་འཛམ་གླིང་ཆོས་འཁོར་བ་རྣམས་ལ་རེ་རེ་བཞིན་གྲྭ་པ་བརྒྱ་སྐོར་གྱིས་ཀུན་རིག་གི་ཆོག་གྲྭ་དང༌། གཞན་ཡང་དགོན་པ་སོ་སོའི་ཆོག་གྲྭ་ཆུང་ཆུང་མང་པོ་འདུག་ཅིང༌། དངོས(ངོས)ཅག་དཔོན་སློབ་བཅུ་བཞི་ཙམ་གྱིས་གདུང་གི་རྩར{སྐུ་གཞོགས་སུ}སྔ་དྲོ་མི་འཁྲུགས་པ་དང༌། ཕྱི་དྲོ་རྣལ་འབྱོར་མའི་ཆོ་ག་རེ་བྱས་ཤིང༌། བདག་རང་ལ་ཡོན་བདག་གི་ས་ནས་སྡེ་པ་དེ{གང་དང་མི་མཉམ་པའི}དྲིན་ཅན་ཡིན། སྐུ་སྡིག་ཀྱང་ཆེ་རབ་ཡོད་པས། དངོས(ངོས)ཀྱི་ལག་ནས་ཀྱང་དགོངས་རྫོགས་གང་དྲག་བགྱིས་ཤིང༌། ཁྱད་པར་ཐུགས་ཡིད་བསྲེ་བའི་ཁུངས་སུ་བྱས་ཏེ། དེའི་ངང་ནས་བཟླས་བརྗོད་སོགས་སྐུ་སྒྲིབ་སྦྱོང་བའི་ཐབས་ལ་ཉིན་མཚན་དུ་འབད་རྩོལ་བཏོན། གདུང་འབུལ་བ་གྲག་གྲག་ཐམས་ཅད་ཀྱིས་བསྔོ་ཞུས་རེ་ཡང་འབུལ་བ་སྲོལ་དུ་འདུག་པས། ཉིན་རེ་ལ་ཡང་བསྔོ་བ་ལན་མང་དུ་བྱེད་དགོས{ཀྱིན་འདུག་པ་དེ}ཐམས་ཅད་ལ་ཡང་བསམ་པ་ཐག་པ་ནས་སྨོན་ལམ་བཏབ།
དགོངས་རྫོགས་ངོ་བོ་ཞལ(ཞག)ཉི་ཤུ་རྩ་གཉིས་སོང་ཞིང༌། དངོས་གཞིའི་ཉིན་མོ་ཚོམས་ཆེན་དུ་དགེ་འདུན་སྟོང་བུད་པ་ཚོགས་པའི་གྲལ་དབུར་ཕྱིན། དེ་མཚམས་འཛམ་གླིང་ཆོས་འཁོར་དུ་ཞག་གཅིག་བསྡད། འདི་སྐབས་ཀྱང་འབྲང་དུ་ཁོར་ཙམ་ཕྱིན་ནས་དྲིན་ཅན་མ་སོགས་མི་ངོ་རྣམས་དང་འཕྲད། སོ་སོའི་ཐུགས་བཞེད་ཀྱི་ཆོས་འདྲ་བྱས། ངེད་རང་སྐྱེས་དུས་ནས་མི་རིང་བར་སྐྱེས་པ་སོན་འདེབས་པོ་མེད་པར། རང་སྐྱེས་པའི་བསེ་བ་མོན་པ་ཚོ་ནམ་སེ་ཟེར་བ་དེ་ཚན་ལ་མེ་ཏོག་དམར་ཆིལ་བ་ཤར་འདུག་པས། དེའི་རྩར་ཆོས་ཐུན་རེ་བྱས།
སླར་ཚུལ(ཚུར)ལམ་སྣ་དཀར་རྩེར་སྡེ་པ་མ་ཆེན་གྱི་གདུང{མི་འཁྲུགས་པའི་སྦྱིན་བསྲེག་ལ་བརྟེན་ཏེ}འོད་བཞུ་བྱས། {དེའི་གནངས་རྟིང་མ}ཡོན་མཆོད་ལྷན་དུ་སྟག་ལུང་གི་ཆོས་སྡེར་བྱོན། ཞལ་ངོ་སོ་སོའི་དགོངས་བཞེད་དང་མཐུན་པའི་དབང་ཆོས་ཅི་རིགས་པ་དང༌། སྡེ་པ་རྒྱལ་བུའི་དྲུང་གི་དགོངས་བཞེད་ལྟར་དགྱེས་མཛད་ཀྱི་དབང་དང་། མགོན་པོ་ཆེ་ཆུང་གི་རྗེས་གནང་སོགས་ཕུལ་ནས་ཡར་འོངས།
ཐོག་མར་རྒྱལ་རྩེའི་གཟིམས་ཤག་ཏུ་ཞག་ཤས་བསྡད། བློ་བདེ་ནས་དཔོན་གཡོག་ཚོར་སྒྲོལ་མ་ཉེར་གཅིག་དང་། ཕྱག་དྲུག་པའི་རྗེས་གནང་སོགས{དགོངས}བཞེད{ཀྱི}ཆོས་འདྲ་བཤད། དེ་སྐབས་ཤིན་ཏུ་འཚུབ་ཅིང་། རྨི་ལམ་དུ་བློ་བདེ་ནས་ཚོ་རང་ལྷག་པར་མོས་ཤིང་། ལུགས་གཉིས་ཀྱི་བརྟད(གཏད)སོའི་བླ་མ་ཞིག་གི་བསང་གཏོང་གིན་འདུག །ཅི་མཛད་པ་ཡིན་དྲིས་པས། བསང་དུད་འདི་བཏང་བས་སྔར་ཡང་བློ་བདེ་བའི་སྐྱེད་ཚལ་འདིའི་ཤིང་འདི་ཙམ་བསྐམས་པ་ཡིན་ཟེར་བྱེད་ཙམ་བསྐམས་འདུག་པ་རྨིས། དེ་སོགས་སྡེ་པ་བློ་བདེ་བ་རང་ལ་མི་དགེ་བའི་རྨི་ལྟས་མང་དུ་བྱུང་བ། སྡེ་པ་དཔལ་དྲུང་རང་ལ་ཅི་རིགས་སྙན་དུ་ཕུལ། སྐུ་རིམ་ཤིན་ཏུ་རྒྱ་ཆེ་བ་རང་ཞིག་གནང་དགོས་ཚུལ་ཞུས།
དེ་མཚམས་རྩེར་ཡང{ཐེག་ཆེན་ཕོ་བྲང་དུ་སྐྱས(སྐྱེས)ཤིང་ཞག་གསུམ་བསྡད།}ཞལ་ངོ་སོ་སོར་དགོངས་བཞེད་ཀྱི་དབང་ཆོས་འཕྲན(ཕྲན)བུ་ཕུལ། རྩེ་ཆེན་དུ་ཞག་བདུན་ཙམ་གྱི་རིང་ལ་སྨར(དམར)ཁྲིད་བསྡུས་པ་ཞིག་དང་། ཚེ་དབང་སོགས་ཕུལ་ཞིང༌། དེ་ནས་བཀའ་དྲིན་མཉམ་མེད་མཁན་རིན་པོ་ཆེ་དེ་ཉིད་ཀྱི་སྐུ་གདུང་ཞུགས་འབུལ་ལ་བླངས་པ་གསེར་གླིང་དུ་ཕྱིན། ཆོས་འཁོར་གྱི་རྣལ་འབྱོར་དབང་ཕྱུག་ཟེར་བའི་གཡབས་དེར་ཐོག་མར་སྐུ་གདུང་རིན་པོ་ཆེ་དངོས་ལ་སྐུ་ཁྲུས་གསོལ། དྲི་བཟང་སོགས་ཀྱི་མཆོད་པ་རྒྱ་ཆེར་ཕུལ། ཞབས་ལ་བཏུགས་སྟེ(གཏུགས་ཏེ)སྨོན་ལམ་མང་དུ་བཏབ། བླ་མ་དྲན་པའི་གདུང་ཤུགས་ཀྱིས་མཆི་མ་རང་དབང་མེད་པ་བྱུང༌།
དེ་ནས་ཐབ་ཀྱི་དབུས་སུ་མཆོད་ཡུལ་དམ་པར་བཞུགས་སུ་གསོལ་ཏེ། བསྲེགས་བླུགས་ཀྱི་མཆོད་པ་ཕུལ་བ་ན། ཞུགས་ཀྱི་འོད་ལ་དཔལ་བེའུ་དང་། པདྨའི་རྣམ་པ་ཤིན་ཏུ་གསལ་བ་ཡུན་རིང་པོའི་བར་དུ་བྱུང༌། ཕྱི་རོལ་ཏུ་ཡང་སྒྲ་དང་། འོད་དང་། མེ་ཏོག་གི་ཆར་འབབ་པ་སོགས་ངོ་མཚར་བའི་ལྟས་དུ་མ་ཀུན་གྱི་མིག་ལམ་དུ་ཕེབས།
དེའི་སང་ཉིན་འདུ་ཁང་སྟེང་དེར་གཞི་བྱེས་རྣམས་ཚོགས་པའི་དབུས་སུ་བཀའ་དྲིན་མཉམ་པ་མེད་པའི་རྡོ་རྗེ་སློབ་དཔོན་མཆོག་ཉིད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་རྫོགས་པ་དང་། ཐུགས་རྗེའི་གཟིགས་པ་རྟག་ཏུ་འཇུག་པའི་དོན་དུ་མཆོད་བསྔོ་རྒྱས་པར་ཕུལ།
མར་ལམ{རྩེ་ཆེན་བརྒྱུད་ནས}སྟག་རྩེར་ཕྱིན་པས{ཞག་ཤས་བསྡད}། དེ་ནས་འདོལ་བྱུང་དུ་འགྲོ་རྒྱུ། ཆར་ཞོད་ཆེ་དྲགས་པས་ཉང་ཆུ་རྒྱས་ཏེ་རབ་ལ་མ་ཐར་བར་རྩེ་ཆེན་གྱི་ཟམ་པ་བསྐོར{དགོས་བྱུང}། {མར་ལམ་གཙང་དགའ་རུ་ཞག་གཅིག་བཏང་། དེ་ནས་འབྲོང་རྩེར་ཞག་གཅིག} །འདོལ་བྱུང་དུ་ཟླ་ཕྱེད་སྐོར་བསྡད་ཅིང༌། སྡེ་པ་དམག་དཔོན་དྲུང་དཔོན་གཡོག་རགས་བསྡུས་ལ་དགོངས་བཞེད་ལྟར་ནཱི་གུ་ཆོས་ཐུན་གཉིས་གཉིས་དང་། དབང་རྗེས་གནང་ཅི་རིགས་པ་དང་བཅས་པ་ཕུལ{ཞིང}། དེ་སྐབས་འཚུབ་ཆ་ཆེ་ཞིང་། ནོར་བུ་ཁྱུང་རྩེ་བ་རང་གི་སྡེ་འཇིག་པའི་ལྟས་ཡང་ཡང་བྱུང༌། གྲོང་དཀར་ཐུབ་སྐྱེལ་མ་ལ་ཡང་སྡེ་པ་དམག་དཔོན་དྲུང་རང་གི(གིས)ཕེབས། ཕྱིས་མི་འཕྲད་པའི་རྟེན་འབྲེལ་གསལ་པོར་བྱུང་ནས། ཟླ་བོ་རྣམས་ལའང་དེ་འཕྲལ་གླེང་།
{དེ་ནུབ་རང་གནས}བསམ་སྡིངས་སུ{སླེབ(སླེབས)། དེ་མཚམས}བདུན་ཕྲག་གཉིས་པ་ཞིག་མུན་མཚམས་ལ་བརྟེན་ཏེ་སྦྱོར་དྲུག་བསྒོམས། ཚོང་འདུས་སུ་ཕ་རིན་པོ་ཆེ་ཏྲེ་བོ་སྤྲུལ་པའི་སྐུ་དང་མཇལ། དཔོན་སློབ་ཚོ་དང་ལྷན་དུ་ཞ་ལུ་རི་ཕུག་གི་བརྟེན(རྟེན)མཇལ་ཞིབ་རྒྱས་མཛད།
དེ་ནས་ལུ་གུ་རིར་སྡེ་པ་རིན་པོ་ཆེ་དང་མཇལ་ཞིང་། ཟླ་ཕྱེད་སྐོར་བསྡད། དགོངས་བཞེད་ཀྱི་ཆོས་འགའ་ཞིག་ཕུལ། དབེན་གནས་བྱང་ཆུབ་ཆེན་པོར{སླེབ(སླེབས)།} བཀའ་གདམས་ལྷ་བཞིའི་ཁྲིད་ཅིག་བཤད།
ལྷུན་པོ་རྩེར་འབོད་མི་གནང་བ་ལྟར་ཕྱིན། ཞག་བཅུ་ཙམ་བསྡད། དབང་ཆོས་དགོངས་བཞེད་ལྟར་ཕུལ།
སྲད་རིན་ཆེན་རྩེ་བརྒྱུད་ནས་རིམ་པས་གཏིང་སྐྱེས་སུ་འབྱོར། མཁར་ཆེན་དུ་ཞག་གསུམ་ཙམ་བསྡད་ནས། ཆོས་གྲྭར་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་འཇམ་པའི་དབྱངས་ཀྱི་ཞབས་འབྲིང་དུ་སླེབ(སླེབས)། ཤིན་ཏུ་དགྱེས་པ་ཆེན་པོས་བཀའ་སྩལ་ལྷུག་པར་གནང་ཞིང༌། འདི་སྐབས་ཟླ་བ་གསུམ་ཙམ་ཉིན་རེ་བཞིན་གསོལ་བ་ཐོན་འཕྲལ་ནས། ཉི་ཕྱེད་པར་སྐུ་གཞོགས་སུ་བསྡད་ཅིང༌། ཟབ་མོའི་ཆོས་གྱི་གླེང་བླང(བསླངས)པ་ལས་བརྩམས་ཏེ། ཕྱི་ནང་གི་ངེས་གནས་ཁྱད་པར་ཅན་དཔག་ཏུ་མེད་པས་ཡིད་སིམ་པར་མཛད། རེས་འགའ་སྙིང་པོའི་དོན་གྱི་བཀའ་ཆོས་ཞལ་ཀྱལ་གྱི་ཚུལ་དུ་གནང་བས། བཞད་གད་ཆེན་པོའང་ཡོད། དེ་སྐབས་ཀྱི་བཀའ་བཀོད་ཅི་རིགས་པ་ཞིག་མ་འོངས་ལུང་བསྟན་ཁོ་ནར་སྣང་ཞིང༌། བདག་གི་བླ་མ་དེ་ཐུགས་རྒྱུད་གྲོལ་བ་ཞིག་ཡིན་འདུག་ནའང༌། དེ་སྔོན་སྦས་པའི་ཚུལ་དུ་བཞུགས། འདི་སྐབས་སྦས་སྐུངས་བཏོན་པར་གདའ། དབང་རྗེས་གནང་གི་རིགས་ནི་སྐུ་ཁམས་ལོག་གི་དོགས་ཞུ་མ་ནུས།
རང་ལོ་བཅུ་གཉིས་པ་ནས་འདི་ཡན་ཆད་དུ་རང་རེས་ནི་ནག་པོ་གཞུང་དྲུག །དྲིལ་བུ་སྐོར་གསུམ། ལཱུ་ཡི་སྨད་ལྔ། གཤེད་དམར་ལ་བི་རཱུ་བའི་གཞུང་བརྒྱད། མཱ་ཡ་ལ་ཀུ་ཀུ་རི་བའི་ཆོས་བདུན། སྒྲུབ་ཐབས་མཚོ་སྐྱེས་སོགས་དགྱེས་རྡོར་གྱི་གཞུང་ཤིན་ཏུ་མང་བ། དཔེ་མེད་མཚོའི་སྦྱོར་དྲུག་རྩ་འགྲེལ། ཛ་ལནྡྷ་རིའི་དོ་ཧ། སེམས་ཀྱི་ཕྱག་རྒྱ་སོགས་ལ་ལེགས་པར་སྦྱངས་ཤིང་དོན་ཁོང་དུ་ཆུད་པས་རྣལ་འབྱོར་མ་རྒྱུད་ཕྱོགས་ལ་བློ་གྲོས་བྱང་བར་བྱུང༌།
ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་དུས་ཚེས་བཟང་པ་ལ། འདུལ་བ་འཛིན་པ་ཐམས་ཅད་ཀྱི་གཙུག་རྒྱན། མངོན་པ་སྨྲ་བ་ཐམས་ཅད་ཀྱི་དབང་ཕྱུག །མདོ་སྡེ་འཛིན་པ་ཐམས་ཅད་ཀྱི་གཙོ་བོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། རིག་པ་འཛིན་པ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན། རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་མཁན་པོ། བླ་མ་དམ་པ་མཁས་པའི་དབང་ཕྱུག་ཆེན་པོ་སློབ་དཔོན་རིན་པོ་ཆེ་བྱམས་པ་ལྷུན་གྲུབ་པའི་ཞབས་ཀྱིས་ལས་ཀྱི་སློབ་དཔོན། དགེ་བའི་བཤེས་གཉེན{ཆེན་པོ}བློ་བཟང་པ་དང༌། {བསྟན་པའི་རྩ་ལག}རྗེ་དྲུང་ཀུན་དགའ་བསོད་ནམས་སོགས་ཀྱིས་ལས་ཀྱི་ཁ་སྐོང་མཛད་དེ། བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་ཐོབ་བོ། །
འདིར་སྨས་པ།
ཁམས་གསུམ་བདག་པོ་སྔོན་ཡང་ལན་བརྒྱར་ཐོབ། །
ཚུལ་ཁྲིམས་རིན་ཆེན་རྙེད་པ་བརྒྱ་ལ་འགའ། །
སྣམ་སྦྱར་རྒྱལ་མཚན་བསྒྲེང(བསྒྲེངས)པའི་འོད་དམར་གྱིས། །
མཐའ་དག་ས་འདི་ཅིག་ཅར་ཟིལ་གྱིས་གནོན། །
{ཅེས(ཞེས)པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་བསླབ་པའི་རྒན་པོར་གྱུར་པའི་གཏམ་ལས་བརྩམས་པ་སྟེ་བཅུ་པའོ། །}