Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

བཅུ་གཉིས་པ།

མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

དེ་ནས་སླར་རྣམ་རྒྱལ་རབ་བརྟན་དུ{རྗེ་བཙུན་བླ་མ་མཆོག་གི་ཞབས་དྲུང་དུ་སླེབ(སླེབས)།} རི་བོ་ཆེ་བའི་ཆོས་སྐོར་འགའ་ཞིག་དང༌། གཞན་ཡང་ཆོས་ཀྱི་རྣམ་གྲངས་འགའ་ཞིག{བཀའ་དྲིན་དུ}ཞུས་ཤིང༌། འདི་སྐབས་རིན་པོ་ཆེ་ཀ་བཞི་པའི་དྲུང་ཡང་སྒྲགས་སུ་སྐུ་མཚམས་ལོ་གསུམ་མ་སོང་འཕྲལ་ཡིན་ལ། སྟག་ལུང་དུ་རྗེ་ཁུ་དབོན་མཇལ་བ་དང༌། ངེད་ལའང་དབུས་ཀྱི་ལྷོ་ཁ་ལ་ཡོང་དགོས་ཚུལ་ནན་ཆགས་གནང་བ་དང་བཅས་ཕེབས{པ་གནང}བྱུང་ཞིང༌། {ཞག་བཞི་ལྔ་ཙམ་བཞུགས་ནས་ཕྱིར་ཕེབས་སོང་།}

ངེད་ཀྱིས་ཀྱང་དེའི་གནངས་ཉིན་རང{གྲུབ་པའི་བསྟི་གནས་ཆེན་པོ། པོ་ཏ་ལ་དང་གཉིས་སུ་མ་མཆིས་པ།} སྟག་ལུང་ཐང་ནས་འོངས་ཏེ། {དེ་ནུབ}ཡར་བཟང(གཡའ་བཟང)དུ{སླེབ(སླེབས)།} ཁོང་ཚོ་ལ་ཚེ་དབང་དང་མགོན་པོའི་རྗེས་གནང་ཞིག་དགོས་ཟེར་བ་བཞིན་བྱས།

གླང་ཐང་དུ་ཞག་གསུམ་ཙམ་བསྡད། མི་དམངས་དང་བཅས་པ་ཐམས་ཅད་ལ་མ་ཎིའི་ལུང་སོགས་ཆོས་ཐུན་རེ་ཆག(འཆག)མེད་དང༌། སོ་སོའི་འདོད་པའི་ཆོས་ཐན་ཐུན་འདྲ་བཤད།

{སྒོ་ལ་བརྒྱུད་ནས་ལྷ་སར་སླེབ(སླེབས)། སྡེ་པ་ཀ་བཞི་ནས་ཀྱང་ལྷ་ས་ན་བཞུགས་པ་གནང་འདུག །དེའི་སང་རང་ལུམ་པ་ཕྱོགས་ལ་ཕེབས་སོང་།} འདི་སྐབས་ཀྱང་ལྷ་སར་རྟེན་རྣམས་ལ་ཞལ་གསེར་རྒྱས་པ་རང་འབུལ་ཐུབ་ཅིང༌། ཡེར་བ་ནས་ནན་ཆགས་གནང་བའི་ཡོང་དགོས་ཚུལ་ཕེབས་པ་ལྟར་ཡེར་བར་ཕྱིན། {དཔོན་ས་ཡུམ་དྲུང་དུ་ཚེ་དབང་བརྒྱ་རྩ་དང་། ནཱི་གུ་བསྡུས་པ་ཞིག་ཕུལ།} ཞག་ཤས་ནས་སྡེ་པ་གཡུལ་རྒྱལ་དྲུང་དཔོན་གཡོག{འགའ་འཚོ་བྱེད་དགེ་སློང་ན་འོ་བ།} སྨན་ཐང་བློ་བཟང་པ་སོགས་ལ་བདེ་མཆོག་ནག་པོ་པའི་དབང་དང༌། དོན་གཉེར་སོ་སོ་ལ་མཁའ་སྤྱོད་དཀར་དམར་གྱི་བྱིན་རླབས། རྣམ་སྲས་མདུང་དམར་ཅན་གྱི་རྗེས་གནང༌། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ལུང་བཤད{རྣམས་ཕུལ}། ཡུམ་དྲུང་དུ་ནཱི་གུའི་དམིགས་འདོམས་བསྡུས་པ་ཞིག་དང༌། སྡེ་པའི་དྲུང་མཁའ་སྤྱོད་མ་དཀར་མོ་ལ་ཐུགས་དམ་གནང་བཞེད་ཡིན་འདུག་པས། མངོན་རྟོགས་གསར་བརྩོམས་ཤིག(རྩོམ་ཞིག)དགོས་གསུང་བ་ལྟར་སོ་སོར་བརྩམས་ནས་ཕུལ།

{དེ་མཚམས་ནས}སླར་ཆོས་འཁོར་ལྷ་སར་ཞག་གསུམ་བསྡད། ལྷ་ས་ནས་སྔ་བར་ལངས་ཏེ། འབྲས་སྤུངས་སུ་ཚ་བ་ལ་སླེབ(སླེབས)། འདི་སྐབས་རིག་གྲ(གྲྭ)ཆེན་མོའི་སྐབས་ཡིན་པས་ཚོགས་ཤིན་ཏུ་ཆེ་བར་འདུག །ལྔ་ཧང་རྡུམ་ལྔའི་མང་ཇ་བཟང་བ་ཞིག་ཞུས།

འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱི་དངུལ་གདུང་སོགས་བརྟེན(རྟེན){ཆོས་རྗེ་ཉན་ཤག་པའི་དངུལ་གདུང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དངུལ་གདུང་། གཙང་ཁང་གི་དུས་གསུམ་སངས་རྒྱས་དང་། ཉེ་བའི་སྲས་བརྒྱད་ལུགས་སྐུ། སྟེང་ན་བཞུགས་པའི་བྱམས་པ། གྲུབ་ཆེན་ཁྱུང་པོའི་ཆོས་དུང་དང་། དབུ་སེའི་ཞྭ་ནག་ངོས་མ་ཐུགས་ཀར་བཞུགས་པ་དེ}རྣམས་ལ་སོ་སོར་སྙན་དར་དང་། མཆོད་རྫས་གང་འོས་དང༌། ཁྱད་པར་སྔགས་ཁང་གི་རྡོ་རྗེ་འཇིགས་མཛད་ཀྱི་སྐུ་བརྙན་ཆེན་པོའི་ཐུགས་ཀ་ན་རྭ་ལོའི་སྐུ་གདུང་བཞུགས་པར་གྲགས་པ་ལ་སྙན་དར་གོས་ཡུག་ལྕགས་ནག་གཅིག་ལ{འཇིགས་བྱེད་ཀྱི}རིམ་གཉིས་དང་མཐུན་པའི་བསྟོད་པ{ངོ་མཚར་ཅན་ཞིག}བརྩམས་ནས་བྲིས་པ་ཞིག་ཕུལ། གསོལ་བ་རྒྱུན་རིང་དུ་བཏབ་པས་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་བྱུང༌།

ཐོན་མིའི་ཡིག་ཕུད་དང་། རྗེ་བཙུན་ཙོང་ཁ་པའི་བཞུགས་ཁྲི་སོགས་ལའང་དྲི་བཟང་གི་མཆོད་པ་དང༌། རྒྱ་གར་པཎྜི་ཏ་འབུམ་ཕྲག་གསུམ་པའི་སྐུ་གདུང་བཞུགས་པའི་ས་འབུམ་དེ་ལ་སྙན་དར་ཁ་བཅུ་ཙམ་ཕུལ། སྨོན་ལམ་དྲག་ཏུ་བཏབ། མཆོད་རྟེན་གྱི་གུང་ནས། ཏདྱཐཱ། ༀ་ག་ཏི་ག་ཏི་སོགས་ཀྱི་སྒྲ་གསལ་བ་ཞིག་བྱུང༌།

དེ་ནུབ་ནོར་བུ་དགེ་འཕེལ་དུ་དཀོན་གཉེར་དཔོན་ཚང་གི་སར་གནས་ཚང་བྱས། སང་གྲུ་ལ་ཐོན་ཏེ་འོངས། མགོན་པོ་གདོང་གི་མགོན་པོ་ལ་གཏོར་མ་ཞིག་ཕུལ། {འཕྲང་གོང་གི་འོག་དེར། ཀ་བཞི་ནས་ཀྱི་ཕྱག་ཕྱིར། སྡེ་པ་ཐོད་སྨྱོན་དང་བཅས་བསུ་བ་ལ་ཕེབས་བྱུང་ཞིང}དེ་ནུབ་ལུམ་པར་སླེབ(སླེབས)། ཞག་ལྔ་དྲུག་ཙམ་བསྡད། ཚེ་དབང་སོགས་རྐྱེན་སེལ་གྱི་ཆོས་ཐན་ཐུན་འདྲ་བྱས།

དྲང་སྲོང་སྲིན་པོ་རི(རིར)མཇལ་བར་ཕྱིན། {རང་བྱོན}འཁོར་ལོ་སྡོམ་པའི་སྐུ་བརྙན་དང༌། བྱང་ཆུབ་ཆེན་པོའི་ཞལ་ཚད། བདེ་མཆོག་ལཱུ་ཡི་པ་དང་། དུས་ཀྱི་འཁོར་ལོའི་དཀྱིལ་ཐང་བི་བྷུ་ཏི་ཙནྡྲའི་ཐུགས་དམ་རྟེན་རྒྱ་གར་མ་ཡིན་ངེས་རི་མོའི་རྣམ་ཆ་ཕུལ་དུ་བྱུང་བ་འདུག །རྡོ་རྗེ་རྣལ་འབྱོར་མའི་ལི་མ་དང༌། ཐུགས་རྗེ་ཆེན་པོ་ང་ལོང་མ་དང༌། རྡོ་རྗེ་གདན་གྱི་བཀོད་པའི་ཞལ་ཐང་དེ་གསུམ་པོ་དེ། སྔོན་གྱི་དེ་དངོས་རང་མིན་པའི་སྐུ་ཚབ་ཡིན་ནམ་སེམས་པ་ཞིག་འདུག་པ། གང་ལྟར་ཡང་དེ་རྣམས་མཇལ། ཕྱག་མཆོད་གང་འགྲུབ་བྱས་ཤིང༌། སྡེ་པ་ཀ་བཞི་པའི་དྲུང་ནས་བདེ་མཆོག་དྲིལ་བུ་པའི་དབང་ཞིག་དགོས་གསུང་བ་ལྟར་དེ་ནུབ་བྱས།

ནུབ་མོའང་གཙང་ཁང་དེ་གར་ཉལ{ས་བྱས}། རྨི་ལམ་དུ་འཁོར་ལོ་སྡོམ་པའི་ལྷ་ཁང་ཤིན་ཏུ་མང་བ་ཞིག་ཏུ་ཕྱིན་པས། བུད་མེད་རྒན་མོ་ཞིག་གིས་གསེར་པོད་ཆེན་པོ་ཞིག་བཏད(གཏད)བྱུང༌། ཞལ་ཕྱེ་ནས་བལྟས་པས་འཁོར་ལོ་སྡོམ་པའི་རྩ་རྒྱུད་དུ་འདུག་ཅིང༌། མཆན་བུ་རིགས་མི་གཅིག་པ་ཤིན་ཏུ་མང་བ་བརྒྱབ་པའི་ཡི་གེ་རྣམས་ཀྱང་། གསེར་དངུལ་སྤང་མཐིང་མཚལ་སོགས་སྣ་ཚོགས་པས་བྲིས་པའི་ཁྲ་ཆེམ་ཆེམ་པ་ཞིག་འདུག །དེ་ཉིད་དུ་ནི་དེ་དབྱེར་མེད། །ཞེས(ཅེས)པའི་རྗེས་སུ། འདོད་པ་དུག་གི་ལོ་མ་དག །སྒྲུབ་པོ་ཉམས(ཉམ)ང་མེད་སྤྱོད་པ། །རིགས་ལྔ་ལ་ནི་མངོན་བགྲོད་ནས། །སྨན་གྱི་དབང་པོ་རིགས་གཅིག་བརྟག །ལྷ་དང་ལྷ་མིན་ཟིལ་གནོན་ཅིང༌། །ཕོ་ཉ་རྣམས་ཀྱིས་རབ་ཏུ་འཁྱུད། །སྦྱོར་བ་བདེ་བའི་ངང་ཚུལ་ཅན། །བློ་ལྡན་རྣལ་འབྱོར་མ་ལ་བསྲུབ། །ཅེས་པའི་ཚིགས་བཅད་ཡོད་པ་ཞིག་དང༌། མཇུག་ན། ཤིན་ཏུ་བརྙེད(རྙེད)པར་དཀའ་བ་ནི། །གཞན་གྱིས་རྟོགས་པ་མ་ཡིན་ཏེ། །བློ་ལྡན་ཁྱོད་ལ་བསྟན་པ་ཡིན། །འོན་ཀྱང་རྐྱེན་གཞན་དག་གིས་བསྒྲིབས། །ཞེས་པ་ཞིག་འདུག །དེར(དེ)རྨི་ལམ་དུ་ཤེས་དེ(ཏེ)། བུད་མེད་རྒན་མོར་འོང་བ་འདི་དམ་ཚིག་གི་སྐྱོན་ཅུང་ཟད་ཡོད་པའི་བརྡར་འདུག་སྙམ་ནས། བཤགས་བསྡམས་མང་དུ་བྱེད་ཀྱིན་འདུག་པས། དེ་ཉིད་བུ་མོ་གཞོན་ནུ{ལང་ཚོ་ལ་བབས་པ}ཞིག་ཏུ་སོང་ནས། ལུས་ཀྱི་གཡོན་ཕྱོགས་ལ་ཐིམ་པ་སྙམ་བྱེད་པ་ན། རྨི་ལམ་གྱི་སྣང་བ་ཡལ་ཞིང་། བདེ་བས་བརྒྱལ་བ་འདྲ་བའི་འོད་གསལ་མཐུག་པོ་ཡུན་རིང་བར་བྱུང་ངོ༌། །

སང་ཉིན་ཡང་རྫོང་དུ་མ་སླེབ(སླེབས)བར་དུ་སྣང་བ་འགྱུར་ཞིང་། ལུས་བདེ་ཆམ་མེ་འདུག་པ་ལ། རྫོང་ནང་དུ་སླེབ(སླེབས)པ་ན་ཡལ་ནས་སོང་། གནས་ཀྱི་གྲིབ་ཡིན་ནམ་སེམས། སྲིན་པོ་རིར་བདེ་མཆོག་གི་བསྟོད་པ་རིམ་ལྔ་དང་མཐུན་པ་དེ་བརྩམས་སོ། །

དེ་ནས་སྒྲགས་མདར{སླེབ(སླེབས)།} སྒྲགས་རྒྱལ་བྱེད་ཚལ་པ་དཔོན་སློབ་རྣམས་ཀྱང་ཕེབས་བྱུང་ཞིང༌། སློབ་དཔོན་པ་ལ་བདེ་མཆོག་ནག་པོ་པའི་དབང་དགོས་གསུང་བ་ལྟར་བགྱིས། སྔགས་གྲྭའི་བླ་མ་སྒྲེས(བགྲེས)པོ་རྙིང་བ་རང་ཡིན་ཀྱང་། བླ་མེད་ཀྱི་དབང་ཞུ་མི་མཁྱེན་པ་གཅིག་འདུག །

དེའི་སང{ལམ་ལ་ཞུགས།} རྡོ་མཆོད་ཐང་ཁའི་རྡོའི་མཆོད་རྟེན་རྣམས་ལ་བྱིན་རླབས་རེ་ཞུས་ཤིང་། མཆོད་པ་དང་ནམ(ན)བཟའ་རེ་ཕུལ། སྨོན་ལམ་བཏབ།

ཆོས་འཁོར་ཆེན་པོ་བསམ་ཡས་སུ་སླེབ(སླེབས)། {དེ་ནུབ་དབུ་རྩེ་ཆེན་མོའི}ལྷ་ཁང་རྣམས་ལ་ཞིབ་མཇལ་དུ་བྱས། {དེའི་སང་ཞོགས}བྱང་ཆུབ་ཆེན་པོ་ལ་གསེར་ཞལ་ཕུལ། {གླིང་བཞི་གླིང་ཕྲན་བཅུ་གཉིས། ཡཀྵ་གོང་འོག །ཁམས་གསུམ་ཟངས་ཁང་གླིང་། དགེ་བ་མཐའ་རྒྱས་ཀྱི་གླིང་རྣམས་མཇལ།} ཨརྱ་པ་ལོ་གླིང་གི་སྤྱན་རས་གཟིགས། སྒྲོལ་མ། འོད་ཟེར་ཅན་མ་གསུམ། སེམས་བསྐྱེད་བྱང་ཆུབ་གླིང་གི་དེ་བཞིན་གཤེགས་པ་མ་ཆགས་པདྨ་རྣམས་ལའང་གསེར་ཞལ་རེ་སྦྲོན།

{དེ་ནུབ}སྲོད་ལ་རྨི་ལམ་དུ་ལུང་པ་སྐྱིད་པོ་ཞིག་གི་ནགས་གསེབ་ཞིག(ཅིག)ན། ཁང་པ་དམར་པོ་ཆེན་མོ་བློས་མི་འཁྱུད་པ་ཞིག་འདུག །དེའི་ནང་དུ་སླེབ(སླེབས)ཙ་ན་རྩིག་རྡོ་ཐམས་ཅད་མི་མགོར་སོང་སྟེ། ཁ་འཕྲུལ་མིག་འཕྲུལ་བྱས། གད་མོ་དིར་དིར། འཇིགས་པ་སྟོན་དུ་བྱུང༌། དེ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ་ཤེས་ནས། ཆམ་མེ་མཉམ་པར་བཞག་པས། ཁང་སྟོང་དེའི་གསེབ་ནས་ང་མ་འཆིང་ཟེར་བའི་སྒྲ་ལྷང་ལྷང་བྱུང༌། དེ་ནས་ཇི(ཅི)ཞིག་ན་དེ་རྣམས་ཡལ་ཏེ། སྐྱེས་པ་གཞོན་ནུ་ལུས་ཆེ་ཞིང་མཛེས་པ། གོས་དཀར་པོ་གྱོན་པ་ཞིག་གུས་གུས་ལྟར་ཕྱག་བཙལ། དར་དཀར་པོ་ཞིག་ཕུལ། ཤ་ཁོག་གཅིག་གཏད་པ་རྨིས།

སང་ཉིན་མཆིམས་ཕུ(ཕུར)མཇལ། {སང་ཉིན་མཆིམས་ཕུ(ཕུར)མཇལ་ནས་འདི་མཆོད་ཟེར། སང་ཞོགས་སྔ་བར་ལངས་ཏེ། མཆིམས་ཕུའི་གནས་མཇལ་ཞིག་བྱས། སྦུ་ཚལ་གསེར་ཁང་སོགས་ཁ་སང་མ་མཇལ་བ་རྣམས་མཇལ།}

དེ་ཉིན་གནས་ཚང་བའི་གཉེན་ཚན་ཁྱོ་ག་ཞིག་ཆུས་ཁྱེར་ནས་ཤི །དེ་ནུབ་རྨི་ལམ་དུ་མདང་གི་མི་དཀར་པོ་དེ་བྱུང་ནས། ཁྱོད་ཀྱི་གང་དགོས་ངས་བྱེད་པ་ཡིན་ཟེར། ང་ལ་ཁྱེད་ཀྱིས་སྒྲུབ་དགོས་ཅང་མེད་བྱས་པ་རྨི། སེམས་བསྐྱེད་བསྡུས་པ་ཞིག་དེ་ལ་བཤད་པ་ལྟ་བུ་ཧ་ཅང་གསལ་བ་མིན་ཙམ་ཞིག་བྱུང༌།

ཕྱིས་བླ་མ་དམ་པ་ལ་ཞུས་དུས། རང་རེ་ལ་ཚར་ཚད་ཆོད་ཚད་འགྲིག་པ་ནི་ཡིན། མི་གཞན་ལ་གནོད་པ་ཡོང་བ་དེ་དམ་ཐོགས་ནི་མིན་གསུང(གསུངས)།

{ངེད་ཅག་ཉུང་ཤས་ཤིག་གིས}དྭགས་ལ་སྐོར་དུ{སྐོང་དུ}ཡོང་། དེ་ནས་བདེ་མཆོག་གི་རྒྱུད་ནས་བཤད་པའི་བཅུ་བཞི་པ་དང་། ཚེས་བརྒྱད་ཉིན། དེ་ཡི་དུས་ཚིགས་ཡིན་པར་བཤད། །ཁྱིམ་དུ་མདུང་རྩེ་གསུམ་པ་ཡང༌། །བྲིས་ནས་དེ་ནི་རྟག་ཏུ་མཆོད། །ཅེས་པའི་རྣམ་ཆ་གསལ་པོར་མཐོང༌། །

དེ་རེས་གོང་དུ་ལྷ་ས་ན་ཡོད་དུས་མི་ལྡོག་མའི་མཚན་ཉིད་ཅན་གྱི་བརྡ་བ་ཕོ་ཉ་མོའི་རིགས་ཅིག(ཤིག)ཡོད་པའི་གཏམ་བདེན་ངེས་བྱུང༌། མཐོང་ནི་མ་མཐོང༌། བསམ་ཡས་རང་ནའང་ཞིང་གི་རྣལ་འབྱོར་མ་དངོས་སུ་འདུག་པར་མཐོང་ཞིང་ཤེས། དེ་གསུམ་ཟླ་གཅིག་གི་ནང་དུ་ཡིན།

དེ་ནས་དེ་ཀའི་ཐད་ནས་ཀོ་བ་ལ་ཞུགས་ཏེ། འབྲོང་ཞོལ་དུ་བཅད་དེ། ཡར་ལམ་བྱེ་རྫིང་ཚོགས་པ་རྣམས་ཀྱིས་བསུ་བ་བཟབས(གཟབ){བཟབ(གཟབ)མ་མཛད་དེ། འདུ་ཁང་དུ་སླེབས་འཕྲལ། སྟོན་མོ་གཟབ་རྒྱས་ཅན་དང་། པཎ་ཆེན་གྱི་རྫ་སྐུ་དང་།} གྲུབ་ཆེན་ཁྱུང་པོའི་ཐུགས་སོགས་རྟེན་ངོ་མཚར་ཅན་རྣམས་ཀྱི་བྱིན་རླབས་ཐོབ། ཚོགས་པ་རྣམས་ལའང་ཆོས་འབྲེལ་གྱི་རྟེན་འབྲེལ་ལེགས་ཚོགས་ཆེ་བར་བྱས་ཏེ། དེ་ནུབ་བྱམས་པ་གླིང་དུ་སླེབ(སླེབས)། སྡེ་པ་སྐུ་གཞོན་པ་ཕེབས་འདུག །

ཐོག་མར་བྱམས་པའི་ལྷ་ཁང་མཇལ{དུ་བཞུགས་གྲལ་ཞིག་བྱུང་ཞིང་། བྱམས་པ་དེ་ཉིད་ཆེས་བྱིན་རླབས་ཆེ་བ་དང་། མར་མེ་མཛད་དང་། བཅོམ་ལྡན་འདས་ཐུབ་པའི་སྐུ་བརྙན། གནས་བརྟན་ཆེན་པོ་བཅུ་དྲུག་གི་ཟངས་སྐུ་མི་ཚད་མ་བཟོ་ཁྱད་ཕུལ་ཕྱིན་སོགས་མཐོང་བ་དོན་ལྡན་དུ་བྱུང་ཞིང་། དེའི་ནངས་པར}། སང་མཆོད་རྟེན་ཆེན་པོའི་རྟེན་མཇལ་ཞིབ་རྒྱས་བྱས། མཆོད་རྟེན་གྱི་ལོགས་བྲིས་རྣམས་མཐོང་བའི་ཚེ། སྔར་ཡང་ལན་ཅིག་ཡོངས(འོངས)པ་འདྲ་བ་ཞིག་གི་རིག་པ་ཡུལ་ཡུལ་བ་དང༌། བདེ་མཆོག་ལཱུ་ཡི་པའི་གསེར་སྐུ་དེ་མཐོང་དུས་དགའ་སྐྱོ་ཟུང་དུ་འབྲེལ་བ་ཞིག་བྱུང༌།

{དེ་ནས་བྲས་སྒང་དུ་ཞག་གཅིག་བསྡད། རྣལ་འབྱོར་མའི་བྱིན་རླབས་སོགས་ཁོ་ཚོའི་ཐུགས་འདོད་ལྟར་བྱས།}

དེ་ནས་རྒྱལ་ཆེན་གླིང་དུ་ཞག་བཞི་བསྡད། ཚོགས་པ་དགེ་འདུན་སྒང་པ་རྣམས་ཀྱི་ཚོགས་ཁང་དུ{གཞིས་ལེན་དང་། རྟེན་ཁྱད་པར་ཅན་རྣམས་ཀྱི་རྟེན་མཇལ། བྱིན་རླབས་ཞུ་བ་སོགས་གྲུབ་རྗེས}། དཔོན་སློབ་ཐམས་ཅད་ལ་བླ་མའི་རྣལ་འབྱོར་ཞིག་སྤྱི་ཆོས་སུ་བྱས། རྟིང་ལ་རང་རང་སོ་སོའི་འདོད་ཆོས་ཞུ་མཁན་རྣམ་གྲངས་མང་བ་རང་བྱུང༌། མཁན་པོ་ཀུན་བློ་བ་ཡིན། སྡེ་པ་ལྕམ་སྲིང་དུ་ཡང་ཚེ་དབང་བརྒྱ་རྩ་དང་། རྗེས་གནང་རྣམ་གྲངས་མང་བ་ཕུལ། ཉིན་རེ་བཞིན་བདེ་ཡངས་དེར་ཁྲོམ་འདུས་ཆེ་བ་ལ་ཆོས་ཐུན་རེ་བཤད།

གྲྭ་ཐང་དུ་ཞག་གསུམ་ཙམ་བསྡད་ཅིང༌། བདེ་མཆོག་ལཱུ་ཡི་པའི་དབང་བསྐུར་སོགས་སོ་སོའི་འདོད་ཆོས་ཅི་རིགས་པ་བཤད།

འདི་སྐབས་རྒྱ་གར་ཏྲི་ལིངྒ་ནས་སངས་རྒྱས་པའི་རྣལ་འབྱོར་པ་ཕྱི་རོལ་གྱི་རིག་གནས་སོགས་ལའང་མཁས་ཤིང༌། ཐེག་པ་མཆོག་གི་མན་ངག་ལ་ཤིན་ཏུ་འདྲིས་པ། ཙང་ག་ཤྲཱི་ཞེས་པ་དཔོན་སློབ་གཉིས་ལྷ་ས་མཇལ་ཟིན་ནས། སླར་རྒྱ་གར་ལ་ལྡོག་ཕེབས་པ་དང་དུས་འཛོམ་ཞིང(འཛོམས་ཤིང)། ཆོས་ཞུ་འདོད་ཙམ་བྱུང་ན་ཡང་ཞུ་མ་ཐུབ། ཁོང་ཡང་ཞག་གཅིག་ལ་ཡང་རྩེག་འདམ་མཛད་ནས་མྱུར་པོར་འབྱོན་པར་འདུག །ཡིན་ནའང་། ཞག་པོ་གཉིས་ལྷན་དུ་བྱུང་བ་ལ་གླིང་སླང(གླེང་སློང)གི་སྒོ་ནས་དོགས་གཅོད་མང་པོ་དང་། སྔར་ཤེས་པའི་ཆོས་ཀྱི་ཡན་ལག་འདྲའི་ཁུངས་ཀྱང་ཆོད་པར་བྱུང་།

ཁོང་བྱོན་པའི་རྐྱེན་གྱིས་གང་ག་གི་རིའི་གནས་ཚུལ་འདྲི་མཁན་མང་དུ་བྱུང་བས། ངས་ལར་བོད་ལ་ཡོང་བའི་ཨ་ཙ་ར་ཕལ་ཆེར་ཕྱི་པ་ཀ་ཡིན། ཁོང་པ་ཡང་མུ་སྟེགས་པ་ཡིན་ཞིང་། བསླབས་ཤེས་ཀྱི་ཡོན་ཏན་རང་ནི་ཡོད་རིགས་སུ་མི་འདུག །གཞན་གནས་ཚུལ་ནི་མི་ཤེས་ཞེས་སྨྲས། {ཁོ་ལ་བླ་ཆེན་འགའ་ཞིག་གིས་ཀྱང་།} ས་སྐྱ་ཞབས་དྲུང་ཁྲི་ཆེན་གྱིས་གྲུབ་ཐོབ་ཡིན་རྒྱུའི་བསྔགས་བརྗོད་མཛད་འདུག་པས། {མཛད་པ་དང་། རྒྱུ་རྐྱེན་གཞན་དང་གཞན་ལ་བརྟེན་པས}ངེད་ཀྱིས་དྲང་པོར་སྨྲས་པ་ལ། དཔོན་སའི་དྲུང་སོགས་ཐམས་ཅད་བདེན་པར་མི་འཛིན་པ་འདུག་སྟེ། ཕྱིས་རང་རྟགས་བསྟན་པ་དེ་ཡིན།

དེ་ནས་དོལ་མདའ་ལྷུན་གྲུབ་ལྷ་རྩེར་སྡེ་པ་ཨ་ཁུ་དྲུང་པ་ཁུ་དབོན{ཡར་སྟོད་ནས་ལྕམ་དྲུང་དང་བཅས་པ}རྣམས་དང་མཇལ། ཞག་བདུན་ཙམ་བསྡད། ཆོས་ཞུ་བ་མང་དག་ཡོད་པ་རྣམས་ལ་ཁྲིད་ལུང་སོགས་ཀྱི་ཆོས་སྨྲ་བ་དང༌། ཞལ་ངོ་རྣམས་ལའང་རྐྱེན་སེལ་ཐན་ཐུན་ཕུལ། ཡུལ་ཚོ་ཡུལ་ཚོའི་མི་དམངས་རྣམས་ལ་མ་ཎིའི་ལུང༌། སྨྱུང་གནས་ལ་སོགས་པ་འཕྲལ་འཕྲལ་བྱེད་དགོས་བྱུང༌། ཆོས་རྫོང་ཚོགས་པ་རྣམས་ཀྱང་ཆོས་འབྲེལ་ཞུ་བར་བྱུང༌།

{ཡར་སྟོད་ནས་ལྕམ་དྲུང་གི་སྒེར་དུའང་སེམས་བསྐྱེད་དང་། གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་རྗེས་གནང་ཞིག་དགོས་གསུངས་པ་ལྟར་བསྒྲུབས།}

དར་ཕྱུང་དུའང{འབོད་མི་བྱུང་བ་ལྟར}ཞག་གཅིག་ཕྱིན། {ཁོང་རྣམས་ལ་ཚེ་རྟ་བསྒྲགས(སྦྲགས)མ་དང་། སྒྲོལ་དཀར་གྱི་རྗེས་གནང་ཞིག་བྱས།}

བྱི་རྫིང་མཁན་པོ་དཔོན་སློབ་རྣམས་ལ་བཞེད་དོན་གྱི་གཙོ་བོ་ཁྲིད་བརྒྱ{ཁྲིད་བརྒྱད}བཤད། ལྷན་དུ་སྐྱིད་གཤོངས་སུ་འོངས། གསང་ཕུ་ར་བ་སྨད་པ་དཔོན་སློབ་ཚང་མ་ལ་རྗེས་གནང་འགའ་ཞིག་ཆོས་འབྲེལ་དུ་བྱས། མཁན་ཆེན་དཔོན་སློབ་དང་། གཞན་དོན་གཉེར་མང་རབ་ལ་ལུང་གི་འཕྲོས་དང༌། མ་ཧཱ་མཱ་ཡའི་དབང་བསྐུར། བདེ་མཆོག་དཀར་པོའི་བྱིན་རླབས། དེ་གཉིས་ཀྱི་ཁྲིད་ཆེན་མོ་ངག་ཐོག་ནས་མགྱོགས་ཁྲིད་རྣམས་ཕུལ། {ནང་སོ་ཞལ་ངོ་རྣམས་ཀྱང་དབང་རྗེས་གནང་དེ་དག་ལ་ཕེབས་ཡོད་ཅིང་། གཞན་ཡང་སྐུ་ཚེའི་རྟེན་འབྲེལ་གྱིས་དབང་ཆོས་འདྲ་ཕུལ།}

གོང་དཀར་ནས་གོང་མ་ཁུ་དཔོན་གྱིས་ཡོང་དགོས་ཚུལ་ཕེབས{པ་ལྟར་ཆས་པ་ལས། ལྕང་སར་གྱི་མདའ་དེར་སྨྱུག་ལ་ནས་བསུ་བར་གནང་བྱུང}། ལམ་མི་འཆག་ལ་ཆོས་སྡེར་ཕྱིན། ཀླུ་དབང་གླིང་དུ{ཇ་འདེབས་སྦྲེལ་ཙམ་ཞིག་ངལ་གསོ་བྱས། དེ་བར་སྙན་དར་ལ་ཡི་གེ་འདྲ་རྒྱག་པའི་རིང་ལ}ཆོས་རྗེ་འབུལ་དཔོན་པ་དང་། ཅོ་འདྲི་བྱེད་རེས་འདྲ་བྱུང༌། {དེ་མཚམས་རྟེན་མཇལ་ལ་ཕྱིན།} བླ་མ་ལྷ་ཁང་དུ་བླ་ཆེན་དྲུང་ཡང་ཕེབས། རྟེན་ཐམས་ཅད་ལ་ཆོས་རྗེ་རི་གྲོང་བས་རྟེན་བཤད་བཟབས(གཟབ){བཟབ(གཟབ)མ་མཛད}།

དེ་ནུབ་ས་སྲིབ་ལ་གཞིས་ཀར་སླེབ(སླེབས)། སང་ཞོགས་ཞབས་དྲུང་མི་དབང་དྲུང་དང་མཇལ་འཕྲད་ཀྱི་ལེགས་ལམ་ཐོག་མར་སྤེལ། {དེ་མཚམས་ནས་རྗེ་བཙུན་དྲུང་དང་། བདག་མོའི་དྲུང་ལྷན་ཅིག་མཇལ་ཞིང་། སླར}ཀ་བཅུར་གོང་མ་རིན་པོ་ཆེ་མ་ཆེན་དང་མཇལ་ཁ་ཞུས་དུས། ཕྱག་ལན་དང་གདན་མཐོང་སོགས་མཐོང་བཟོས་དཔེ་མེད་གནང༌། {དེ་ཉིན་རང་ཞབས་དྲུང་མི་དབང་དྲུང་དུ་སྒྲོལ་དཀར་གྱི་རྗེས་གནང་ཐོག་མའི་ལེགས་ལམ་དུ་ཕུལ། རྗེ་བཙུན་དྲུང་དང་། བདག་མོའི་དྲུང་དུའང་དེ་མཐུན་གྱི་དབང་ཆོས་འབུལ་བ། དབུ་ཚུགས་ཙམ་བྱས།}

དེའི་སང་ཉིན་ཆོས་སྡེའི་ནང་མཇལ་ཞིབ་རྒྱས་བྱེད་པར་ཕྱིན། དེ་དུས་ཡོ་ག་སྒྲུབ་མཆོད་ཀྱི་སྐབས་ན་འདུག་པས། ཡོ་གའི་དཀྱིལ་ཆེན་རྣམས་ལ་བཤད་པ་ཅུང་ཟད་བྱས། དགེ་སློང་རྡོར་གྲགས་སོགས་མཆོག་ཏུ་ངོ་མཚར་ཞིང་དགྱེས། ཆོས་སྡེར་མང་ཇ་ཞིག་ཀྱང་ཞུས་ཤིང་། སྤོས་ཤེལ་བརྒྱ་ལྷག་པའི་བརྒྱ་ཕྲང(ཕྲེང)སོགས་སྤྱི་འབུལ་བྱས།

ཡངས་པ་ཅན་དུ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གྱི་གདུང་རྟེན་ལ་ཕྱག་མཆོད་འབུལ་བར་ཕྱིན། སྤྲུལ་སྐུ་སྦྱིན་པ{ལ་རྦབ་འདྲིལ་བྱུང་ནས་ཕལ་ཆེར་དྲག་སྐབས་སུ་འདུག །ཁོང་གི}ནང་དུའང་ཤོག་ཟེར་བ་བཞིན་ཕྱིན།

སླར་ཡང་གཞིས་ཀར་ཞལ་ངོ་སོ་སོའི་དགོངས་བཞེད་ལྟར་ཆོས་སྣ་མང་ཙམ་ཕུལ་ཞིང༌། མི་དབང{ཞབས་དྲུང་མི་དབང}དྲུང་དུ་གཉོས་མགོན{ཏྲཀྴད}གྱི་རྗེས་གནང་ཞིག་དགོས་ཞེས་ནན་གྱིས་ཕེབས་པ་ལྟར་འབུལ་དགོས་བྱུང་བས། ཤིན་ཏུ་འཚུབ་པ་རང་ཞིག་བྱུང༌། གཞན་ཆོས་འདོད་མང་པོར་ཆོས་སྣ་སད་སུད་མང་དུ་བཤད། ཞལ་ངོ་རྣམས་སྔར་གཞན་ཟེར་གྱི་དབང་ལས{ཆོས་རྗེ་བཞི་སྡེ་དབུ་མཛད་པ་སོགས་ཀྱི་བཞེད་པ་ལྟར་མི་འཁྲུགས་པའི་དབང་བསྐུར་ཞིག་ཀྱང་བྱས།} དེ་གོང་དུ་ཐུགས་མཐོང་ཆེར་མེད་ནའང་། དངོས་སུ་མཇལ་བ་ནས་བརྩམས། ཐུགས་མོས་ཀྱང་ཆེ་བར་གནང་གིན་འདུག །

ཞབས་དྲུང་མི་དབང་དྲུང་གིས་བརྟག་དཔྱད་ཀྱི་ཚུལ་དུ་ཐུགས་དམ་ཐང་ཀ་མང་པོ་ལ་བསྟོད་པ་སྨོན་ལམ་སོགས་ཀྱི་རྒྱབ་ཡིག་འབྲི་དགོས་དང༌། གསོལ་འདེབས་དང་། ཞལ་གདམས་སོགས་སྐུ་གཞོགས་སུ་འཕྲལ་དུ་འབྲི་དགོས་མང་དུ་བྱུང༌། དེ་རྣམས་ཐོགས་མེད་དུ་བྲིས། རྩོམ་ཤིན་ཏུ་མྱུར་བ་དང་། ཚིག་དོན་ཡང་ལེགས་རབ་བྱུང་བས། གཞན་དག་ལ་ཕེབས་སྒོར་ཡང༌། རྗེ་དམ་པའི་རྣམ་འཕྲུལ་ཡིན་མིན་གང་ལྟར་ཡང་ཁོ་རང་གིས་ཆོག་པ་འདུག་གསུང(གསུངས)།

དེ་སྐབས་ག་རི་པ་དེ་བ་ཟེར་བའི་ཛ་གམ་མཐུ་ཆེན་གཅིག་གིས་ཁོ་ལ་བརྙས་པ་བྱས་ཟེར། གོང་མ་ཞལ་ངོ་རང་ལ་ངན་བྱེད་གྲབས་འདུག་པ་ལ། ངས་ཞིབ་སེད་སེལ་སྦྱངས་བྱས། ཁོ་རང་ཡང་སེམས་ཞི་སོང༌། {ངན་སྔགས་འགྲུབ་པའི་རྟགས་འཕྲལ་དུ་ཐོན་པ། སྤྲེའུ་འཁྲིད་པ་ཞིག་སླེབས་བྱུང་བ། ཁོ་ལ་མཐུན་རྐྱེན་མ་བྱུང་བ་ནས་ཤིན་ཏུ་ཁྲོས་པས། ངན་བྱེད་ཀྱི་ལས་ལ་འཇུག་པའི་སྒོ་འདུག་པས། ཁོ་རའི་འདོད་པ་ལྟར་མཐུན་རྐྱེན་རྣམས་ཀྱང་ཞུས། ཞིབ་གསེད་བྱས་པས། ཁོ་རང་ཡང་དགའ་ནས་སོང་། ཕོ་བྲང་དེ་ཉིད་ནས་འོངས་པའི་ཉིན་བྱན་ཐང་སེ་རོང་བ་ཚང་དུ་ཞག་གཅིག་བསྡད། སང་ཉིན་འབྲང་ཕུ་དགོན་པར་སླེབས།}

དེ་ནས་འབྲང་ཕུར་ཞག་གཉིས་གསུམ་ངལ་གསོ་བྱས་ཤིང༌། དེ་མཚམས་དྲིན་ཅན་གྱི་མ་ལ་ནི་གུའི་ཟབ་ཁྲིད་སྙིང་པོར་བསྒྲིལ་བ་ཆོས་དྲུག་སྟན་ཐོག་གཅིག་མ་ཞལ་ཤེས་དང་བཅས་ནས་ཕུལ། མི་ངོ་བྱིངས་ལ་དང་པོ་མེས་པོ་རིན་པོ་ཆེར་དབང་བསྐུར་ཐོབ་ས་དེ་ཉིད་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར་ཞིག་བྱས། བླ་མ་དམ་པ་སློབ་དཔོན་རིན་པོ་ཆེར་ཡང༌། མི་ངོ་རྣམས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ནག་པོ་དང༌། མགོན་པོ་ཡིད་བཞིན་ནོར་བུ་སོགས་ཀྱི་རྗེས་གནང་ཞུར་བཅུག །

མཁན་ཆེན་རིན་ཆེན་ཤེས་རབ་པས{སྔ་གོང་ལན་གཅིག་མཇལ་མྱོང་ཞིང}། དེ་སྐབས་འབོད་མི་ནན་ཆགས་གནང་བ་ལྟར་གནམ་བཞིར་ཕྱིན། དམར་པོ་སྐོར་གསུམ་གྱི་རྗེས་གནང་ཞིག་དགོངས་བཞེད་ལྟར་དཔོན་སློབ་འགའ་ཤས་ལ་བྱས།

{དེ་མཚམས་ཆོས་ལུང་ནས། དབོན་པོ་དགེ་སློང་བ་དང་། རྟོགས་ལྡན་ཟླ་གྲགས་པ་གཉིས་རྩེ་སྒྲུབ་ཀྱི་མི་སྣ་རྣམས་ཀྱིས་བཏང་བའི་སྙིང་པོ་ལ། སྒྲོལ་སོགས་ཀྱི}དེ་སྐབས་ཆོས་ལུང་བྱང་རྩེའི་ཆོས་གཞིས་འགའ་ཤས་རྗེ་བཙུན་དཔལ་གྲོ་མས་བཙན་ཕྲོགས་བྱས་ནས་མཚོད{འཚེད}དུ་ཕུལ། མཚོད{འཚེད}ནས་ཀྱང་ཆོས་དམ་ཚིག་མི་དགོངས་པར་བླ་མའི་གདན་ས་རླག་པར་བཞེད་པའི་དར་འཛུགས་སོགས་མཛད་འདུག །

{འདི་སྐབས་ཞབས་དྲུང}བསྟན་འཛིན་རིན་པོ་ཆེ་གཞིས་ཀ་གོང་དཀར་དུ་ཕེབས་པའི་སྐབས་ཡིན། དེ(དེའི)ཐད་ལ་ཞུ་གྲོགས་དགོས་ཚུལ་དུ་འདུག་པས། {དེ་མཐུན་གྱིས་ཆོས་ལུང་ཉིད་ལ་སྦྱོར་འཇགས་གནང་དགོས་ཚུལ་གྱི་སྙན་འབུལ་ཞུས་ནའང་།} སྐུ་དབང་གི་ཕེབས་སྒོ་འགའ་རོང་གི་སྙེ་མ་གནམ་སློངས་འདི་ངམ་རིང་ཆོས་སྡེའི་བརྒྱད་བརྒྱ་མའི་མཆོད་ཐེས་ཡིན་པ་ཆོས་ལུང་དུ་སྦྱར་བས། བྱང་བའི་ཞལ་ངོ་གང་སྟོངས་ཀྱི་རྒྱུད{རྒྱུར}སོང་ཞེས་སོགས་ར་ཐོན་ལུག་ཐོན་མང་པོ་གསུང་གིན་དོན་མ་མཐོང{ཞེས་རང་གཞན་ཐམས་ཅད་གླེང་བ་འདི་ལ་ཉེས་པ་མེད་པས། ངེད་ཚོས་ད་ལམ་འདི་ཙམ་བླངས་པ་སྣང་ཆུང་གསུང(གསུངས)པ་སོགས་ཕྱག་བྲིས་སུ་འཁོད་པར་ཕེབས་པས། ཞུ་བ་དོན་མཐོང་མ་བྱུང་། འདི་སྐབས་བསྙེན་མཚམས་བདུན་ཕྲག་གསུམ་ཙམ་ཞིག་བྱས།}

དེ་ནས་ངེད་རྣམས་སྐྱས་སུ་སླེབ(སླེབས)དུས། རྒྱ་གར་ལྷོ་ཕྱོགས་བྷིན་དའི་རིའི་ཁོངས་བྷཾ་དྭ་ཞེས་པའི་ཡུལ་ནས་རིག་སྔགས་གྲུབ་པའི་རྒྱལ་པོ་པ་ལ་བྷ་དྲས། དངོས་ལ་འཕྲིན་ཡིག་གཽ་རའི་ཡི་གེ་སཾ་སྐྲ་ཏའི་སྐད་ཀྱིས་བྲིས་པ། བོད་སྐད་དུ་བསྒྱུར་ན་འདི་ལྟར། རི་ཁ་བ་ཅན་གྱི་ཁོངས་ན་གྲུབ་ཐོབ་ཞི་བ་སྦས་པའི་རིང་ལུགས་འཛིན་པ་གཅིག་པུ་གཉིས་སུ་མེད་པ་ནི། ཏཱ་ར་གུ་རུ་ཁྱེད་ཡིན་ཞེས་ཐོས། བསོད་ནམས་ཀྱི་སྟོབས་མི་དམན་པར་སྤྱོད་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་ང་དང་ཡང༌། སྲིད་པ་གཞན་དུ་འཐམས{མཐམས}པ་ཡིན་ཞེས་གྲུབ་པའི་ལུང་ལས་འབྱུང༌། དེའི་དོན་དུ་བ་ཊོ་ལ་ཛརྦྷ་གཉིས་དང་། སུར་ཛ་ཀྲན་ཏྱ་གཅིག་ཟུང་མཆིས། རཱ་ཛཱ་པཱ་ཏྲཾ། ཞེས་པའི་འཕྲིན་ཡིག་རྟེན་བཅས་གསེར་ཆུའི་ཐཾ་ཁས་མནན་པ། ཨི་ལི་ཁཾ་ཞེས་པའི་རྒྱལ་རིགས་ལྡོམ་བུའི་ཆས་སུ་ཞུགས་པ་ཞིག་ལྷ་ས་མཇལ་བ་ལ་ཆེད་ཀྱིས་འོངས་པ་ལ་བསྐུར་ནས་བྱུང༌།

འཕགས་པའི་ཡུལ་དུ་སངས་རྒྱས་པའི་བསྟན་པ་གསར་དུ་དར་བར་མཛད་པའི་རྒྱལ་པོ་ཁོང་གཅིག་པུ་ཡིན་པར་ཐོས་ཤིང༌། ཁྱད་པར་གྲུབ་ཆེན་ཞི་བའི་སློབ་མ་ཐམས་ཅད་རྒྱལ་པོ་དེའི་བསྔགས་པ་མཛད་པ་ཡང་ཡང་ཐོས་པས། བསྟན་པ་ནུབ་ཏུ་ཉེ་བ་ན། རི་བོ་འབིགས་བྱེད་ཀྱི་ནང་དུ་དམ་པའི་ཆོས་གསར་དུ་དར་བར་བྱེད་པར་འབྱུང་བར་རྒྱལ་བ་ཉིད་ཀྱིས་གསུངས་པ་དེ་ཉིད་ཡིན་ཚུལ་སོགས་ཀྱི་བསྟོད་བཀུར་རྒྱ་ཆེ་བ་ཁ་གསག་དང་བཅས་པའི་ལན་ཡང་བརྫངས། {ཨི་ལི་ཁཾ་ཞེས་པ་འདི་དང་། གོང་གི་ཡོས་ལོ་ལའང་ལན་གཅིག་འཕྲད་མྱོང་།}

སང་གི་ལམ་དུ་ལོངས་སྤྱོད་ཆེན་པོ་དང་བཅས་བཞིན་དུ་སློང་མོ་པ་མང་པོ་ཡང་ཕྱི་བཞིན་དུ་འབྲང་བཞིན་པ་ལ་ཁ་ཟས་དང་། ཡོན་གྱི་སྦྱིན་པས་ཚིམ་པར་བྱས་ཏེ། སྣ་དཀར་རྩེར་སླེབ(སླེབས)།

དེ་མཚམས་ནས་ཐོག་མར་སྟག་ལུང་གི་ཆོས་སྡེའི་བླ་བྲང་དཀར་པོར་འབྱོར་ཞིང༌། སྡེ་པ་ཞལ་ངོ་རྣམས་དང་། གཞན་མང་པོར་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་དབང་བསྐུར། གུར་ཞལ་གྱི་རྗེས་གནང༌། མགོན་པོད་མེ་འབར་མ་དང་ཞལ་གྱི་སྒྲུབ་ཡིག་ཆ་ཚང་བའི་ལུང༌། སྒྱུ་ལུས་དབང་མོ་ཆེའི་བྱིན་རླབས་ཀྱིས་སྒོ་ཕྱེ་སྟེ། ནི་གུའི་འཁྲིད་ཚུལ་སྤྱི་ཉེ་བར་བསྡུས་པ་འབྲིང་པོའི་དབང་དུ་བྱས་པ་རྣམས་ཕུལ།

ཆོས་རྗེ་སྔགས་རམ་པ་དང༌། ཤར་ཆེན་སློབ་དཔོན་པ་སོགས་སློབ་དཔོན་ལས་ཐོག་པ་གསུམ། གྲྭ་རིགས་དོན་གཉེར་ཆེ་བ་མང་དག་དང་བཅས་ལ་བདེ་མཆོག་དྲིལ་བུ་པའི་དབང༌། དྲིལ་བུ་རིམ་ལྔའི་ཁྲིད། ལཱུ་ཡི་པའི་ཁྲིད་རྣམས་དམིགས་པ་ངེས་ཤིང་། མཐའ་གཅོད་བཤད་པ་ཞིབ་མོ་བྱས། ཆོས་རྗེ་སྔགས་རམ་པས་ནན་ཏན་གྱི(གྱིས)དགོས་གསུངས་ནས། ཉུང་བསྡུས་ལ་ནག་པོ་རིམ་བཞི་སྨར{དམར}ཁྲིད་དེ་ཡང་བཤད། {ལམ་སློང་རྣམ་པ་གསུམ་གྱི་འཁྲིད་ཚུལ་ནི། བཀའ་རྒྱའི་ལོ་དུས་མ་གྲོལ་བས། མིང་ཙམ་ཡང་མ་བརྗོད་དོ། །}

དེ་རྗེས་ཆུ་ཤུལ་ནས་དཔོན་ས་ཕེབས་པའི་ཤིས་བརྗོད་སོགས་ཀྱང་བགྱིས། ཞལ་ངོ་སྤྱི་མཐུན་དུ་ཚེ་དབང་བརྒྱ་རྩ་དང་། རྗེས་གནང་། {སྒྲོལ་དཀར་རི་ཁྲོད་མ་སོགས་རྗེས་གནང}འགའ་ཤས་ཕུལ།

རིམ་པས་བརྒྱུད་ནས{བློ་བདེ་བདག་པོ་ཆེན་པོ་ཡབ་སྲས་དང་། ཞབས་དྲུང་བླ་མའི་དྲུང་བསུ་བར་ཕེབས།} ཆོས་སྡེའི་སེར་འཕྲེང་སོགས་བསུ་བ་བཟབ(གཟབ)མ་དང་བཅས་ནས་རྒྱལ་རྩེར་སླེབ(སླེབས)། {འདི་སྐབས་གཟིམས་ཁང་བདེ་མཆོག་ཏུ}འདི་སྐབས་ཞག་བཅུ་ལྷག་བསྡད།

རྩེ(བརྩེ)ཆེན་དང་། སྟག་རྩེར་གཟིམས་དཔོན་ཐང་སྨད་པ་ཚོ་བརྟིབ་པའི་ཟར་ཟིར་གྱི{ཐུགས་གཡེང་སྟབས་འགྲོ་མ་དགོས་ཤིང}། ཁྱུང་རྩེ་དང་། འདོལ་བྱུང་ནས་འབོད་མི་ནན་ཆགས་བྱུང་ནའང་མ་ཕྱིན།

{མགོ་སྒྲིལ་རྒྱལ་རྩེ་ནས་ལམ་གཞུང་བསྲིངས་ཏེ་འོང(འོངས)པས། སྡེ་པ་སྐྱེས་རྗེ་ཤོལ་པོའི་ཐད་དུ་ཇ་འདྲེན་ལ་བྱུང་།}

ལྷུན་གྲུབ་རྩེར{ཉི་མ་བཞི་ཙམ་ལ་སླེབས།} ཀུན་སྤངས་དྲུང་གིས་སྒྲོལ་དཀར་གྱི་རྗེས་གནང་དང༌། ཚེ་དབང་འདྲ་དགོས་གསུང་བ(གསུངས་པ)ལྟར་བྱས། {ཞག་ལྔ་བསྡད།}

སླར་བསམ་སྡིངས་སུ་སླེབ(སླེབས)། ཕྱི་མཚམས་སུ་བསྡམས། ཞག་བཅུ་སྐོར་ཞིག་མང་བསྐོལ་འགྱེད་བཅས་ཀྱི་བཀོད་པ་དགོས་པ་བྱུང་བ་ནས་ནང་མཚམས་མ་ཐུབ།

དེ་ནས་མང་བསྐོལ་བ་རྣམས་ཀྱང་བརྫངས་ཏེ། {ཞ་ལུ་གནས་དགོན་དང་། བཀྲ་ཤིས་ལྷུན་པོ་ནས་བརྩམས་མདོག་གི་དགོན་གསུམ། ངམ་རིང་དང་བཟང་ལྡན་གྱི་བར}གཙང་ཕྱོགས་ཀྱི་མདོ་སྔགས་ཀྱི་གྲྭ་ས་དང༌། ཆོས་སྡེ་གྲགས་ཆེན་ཐམས་ཅད་ལ་མང་ཇ་འགྱེད་བཅས་བཟང་བ་རེ་གྲུབ། སེམས་ཉིད་རྟོགས་པར་སྨོན་ལམ་བཏབ། ཐག་ཉེ་བ་ནས་རི་ཕུག་དང་། དགའ་བ་གདོང་དུ་མང་ཇ་འཕྲལ་འཕྲལ་དྲངས།

གསེར་མདོག་ཅན་དུ་ཡང་དགུན་ཐོག་དེ་ལ་མང་ཇ་ཉི་ཤུ་རྩ་ལྔ་ཙམ་ཞུ་ཐུབ། མང་བསྐོལ་བ་རྣམས་བརྫངས་འཕྲལ་ནང་མཚམས་དམ་དུ་བཅད། དེ་གོང་ཟླ་བ་གཉིས་ཙམ་གྱི་སྔོན་ནས་བསག་སྦྱངས་འགོ་ཚུགས་ཟིན་པ་དང་། ཞག་བཅུ་སྐོར་དེ་ལ་སྲོད་ཐོར་སྔ་དགོང་རྣམས་སྨར་པོ་བྱེད་རྒྱུ་བྱུང་བས། ནང་མཚམས་བཅད་ནས། དགྱེས་པ་རྡོ་རྗེའི་རྩ་སྔགས་ཀྱི་བསྙེན་པའི་དངོས་གཞི་ལ་ཞུགས། ཟླ་བ་གཉིས་སུ་ཉེ་བ་ཙམ་སོང་སྐབས། ཧོར་ཟླ་བཅུ་གཉིས་པའི་ཚེས་བདུན་གྱི་ཐོ་རངས། དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་གྱི་སྐུའི་རྣམ་པ་ཤིན་ཏུ་གསལ་བ་སྣམ་སྦྱར་གསེར་མ་སྐུ་ལ་གསོལ་བ་ཞིག་བྱུང༌། བདག་ལ་བྱིན་རླབས་ཤིག་གནང་ནས། སྐས་ཤིན་ཏུ་རིང་བ་རྩེ་མོ་མངོན་མི་མངོན་ཞིག་ལ་ཡར་ཕེབས་སོང་བ་ཞིག་བྱུང༌། གཉིད་སད་ཙམ་ན། བློ་ཡང་མ་བདེ་ཞིང་། ཉིན་གུང་ཐུན་མཚམས་ཀྱི་སྐབས་སློབ་དཔོན་རིན་པོ་ཆེ་དང་། ཕ་རྒན་དང་། མཚམས་གཡོག་རྣམས་ལའང་རྨི་ལམ་ཡང་བཤད།

{རང་རེའི་བླ་མ་རིན་པོ་ཆེ་རྡོ་རིང་ནས་ཞབས་པད་བརྟན་ན་དྲག་སྟེ། ཇི་ལྟར་ཡིན་ནམ་བྱས།} ཚེས་བཅུ་ལ་དབྱིངས་སུ་ཐིམ་པའི་གནས་ཚུལ་སྐྱེལ་མི་བྱུང་བ། བསྙེན་མཚམས་ཡིན་ནའང་ཧོར་འདོན་བྱས་ཏེ། འཕྲལ་དུ་འགྲོ་རྩིས་ཀྱི་གྲབས་ཀྱང་བྱས། གྲང་རེག་སྐྱོབ་པའི་གོས་འདྲ་ཡང་བཙེམས། གནས་ཚུལ་སྐྱེལ་མི་རྣམས་ལ་བླ་མ་དམ་པ་ཆོས་དབྱིངས་སུ་ཐིམ་ཁར་སྐུ་གཞོགས་སུ་འབྱོར་མ་ཐུབ་པ་འདིས་ངེད་མ་སླེབ(སླེབས)པར་ཞུགས་འབུལ་འཐེན་དགོས་ཚུལ་ནན་ཆགས་རང་བྱས། ཁོང་ཚོས་ཀྱང་མྱུར་ཤད་ཕྱིན་པའི་ངེད་ཀྱི་ཡི་གེ་དང་། ངག་ལན་ཐམས་ཅད་འབྱོར་འདུག་སྟེ། དེ་ལ་མ་ཉན་པར་ཚེས་བཅུ་བཞིའི་ཉིན{བཅུའི་ཉིན}ཞུགས་འབུལ་བྱས་འདུག །དེ་ཀས་ཕྱོགས་དེའི་རྟེན་འབྲེལ་འགའ་རེ་སྒྲིག་རྒྱུ་ཡོད་དེ། ཅུང་ཟད་འཆུགས་པ་དེར་འདུག །

དེའི་གནས་ཚུལ་ཡང་འཕྲལ་དུ་བྱུང་བས། དེ་ཕྱིན{དགོངས་པ་རྫོགས་པ་གང་ནས་བྱས་ཆོག་པ་འདུག་ཅིང}། བླ་མའི་ཕྱག་རྫས་ཟ་བར་ཕྱིན་པ་ལ་དགོས་པ་མི་འདུག་པས། དེ་བས་བསྙེན་པ་རང་དོན་ཆེ་བར་བསམས་ཏེ། ཉེ་སྐོར་གྱི་དགོན་སྡེ་ཆེ་ས་རྣམས་ལ་དགོངས་རྫོགས་ལ་དམིགས་པའི་མང་ཇ་འགྱེད་བཅས་གང་དྲག་བགྱིས་ཤིང༌། བཟླས་པའི་ངང་ནས་བླ་མའི་དགོངས་པ་རྫོགས་པའི་སྨོན་ལམ་ཉིན་རེ་བཞིན་ཡིད་ཀྱིས་འདེབས་པ་བསྙེན་པ་འདི་མ་གྲོལ་བར་ལ་བྱས། {བཅོམ་ལྡན་འདས་ཧེ་བཛྲ་གྱི་བཞི་བསྙེན་རྫོགས་པར་གྲུབ།} ནམ་དུས་བཟང་བས་རིག་པ་དྭངས་པ་དང་། རྩོལ་བ་བསྐྱེད་དེ། ནམ་གུང་ཅུང་ཟད་ཙམ་མ་གཏོགས་གཉིད་ཀྱང་ཡེ་མ་ལོག་པར་བཟླས་པས། གྲངས་བསྙེན་ཟླ་བ་བདུན་དུ་ཉེ་བ་ཙམ་ལ་སོང༌།

དེ་མཚམས་རྒྱལ་རྩེ་ནས་ཞབས་དྲུང་བླ་མ་དཔོན་སློབ་གསེར་མདོག་ཅན་དུ་ཕེབས་པའི་ལམ་ཞོར་དུ་བསམ་སྡིངས་སུའང་ཕེབས་བྱུང་བ། གང་སྤྱིའི་སྙན་བསྐུལ་ཡང་ནང་སྦྱར་བློ་ལ་ཤར་ཚད་ཕུལ།

དེ་ནས་ཧོར་ཟླ་གསུམ་པའི་ཚེས་བཅུ་བདུན་གྱི་ནུབ་མོ་རྨི་ལམ་དུ་བུད་མེད་ཅིག་ལ་བཀྲ་ཤིས་ཁ་བཏགས་ཀྱི་མདུད་པ་ཞིག་བྱིན་ཏེ། ཤི་བ་གསོས་པ་ཡིན་ནོ་ཟེར་བ་ཞིག་རྨི། སང་ཉིན་རྒྱལ་རྩེ་ནས་ནང་སོ་དཔལ་འཕེལ་བ་བྱུང་ནས། དཔོན་ས་གཏིང་སྐྱེས་ནས་འཕྲལ་དུ་སྐུ་ཤིན་ཏུ་བསྙེལ་བ་ཞིག་བྱུང་བ། {ཆོས་སྡེར་སྐུ་རིམ་ཞིག་མཛད་པ་ལ་ཡང་། དབུ་མཛད་ཆེན་མོ་ཞལ་ནོར་བས་རྟེན་འབྲེལ་ཡང་ཤིན་ཏུ་མ་ལེགས་པ་ཞིག་བྱུང་།} སྐུ་འཚོ་མི་འཚོའི་ཐད་དུ་སླེབ(སླེབས)འདུག །འཕྲལ་དུ་ཡོང་དགོས་ཕེབས་པ་ཞིག་བྱུང་བ། མདང་གི་རྨི་ལམ་དང་སྦྱར་ན་དེ་རེས་ཅང་མི་ཡོང་བར་ངེས་བསམ་ནས། ད་ལམ་ཡོང་མི་དགོས་ཤིང་། སྐྱོན་མི་ཡོང་བའི་ཁག་འཁུར། སྐུ་རིམ་འདི་ཚོ་མཛད་དགོས་ཞེས་སྐུ་རིམ་འདྲ་ཕོག །བཀྲ་ཤིས་ཁ་བཏགས་ཀྱི་སྔགས་མདུད་ཅིག་ཀྱང་ཡར་བསྐུར། ཁོང་དེ་དུས་འཁང་ངེ་བྱེད་ཀྱིན་འདུག་ནའང་། ཕྱིས་ངེད་ཀྱི་ཚིག་བདེན་པར་བྱུང༌།

དེ་ནས་ཞག་གསུམ་ཙམ་བསྙེན་པ་ཁ་གསོས་ནས། ཞག་བཅུའི་བར་ཁ་སྐོང་གི་སྦྱིན་སྲེག་རྫོགས་པར་བྱས། དེ་ཀའི་རིང་ལ་གཙང་རྒྱུད་པ་རྣམས་ཀྱིས་དྲུག་ཅུ་པ་དང༌། མགོན་པོའི་གཏོར་ཆེན་ཞིག་མཛད་དུ་བཅུག་པས། བྱད་ཁ་བཟློག་པའི་ལྟས་ཤིག་ཀྱང་བྱུང༌།

ཉེར་ལྔའི་ནུབ་ཅིག །ཉམས་དང་རྨི་ལམ་ཆ་མི་ཕྱེད་པ་ཞིག་ལ་ཨོ་རྒྱན་གྱི་དུར་ཁྲོད་ཡིན་ཟེར་བ། དུར་ཁྲོད་ཅིག་གི་དབུས་ན་ཆོས་ཁྲི་ཆེན་པོ་ཞིག་འདུག་པའི་སྟེང་ན། ཧེ་བཛྲ་ཞལ་ཕྱག་ཡོངས་རྫོགས་སྐུ་ཚད་ཐོག་སོ་དོ་ཙམ་ཤེལ་སྔོན་པོ་ལས་གྲུབ་པ་འདྲ་བ། དེ་སྤྱན་ཧྲིག་ཧྲིག་ཞལ་འཛུམ་འཛུམ་མཛད་པ། མཐོང་བ་ཙམ་གྱིས་འཇིགས་ཀྱང་འཇིགས་ལ། དགའ་ཡང་དགའ་བ། ཟིལ་བཟོད་པར་དཀའ་ཞིང་། བག་ཀྱང་བྲོ་བ། རིག་པ་ལ་དཔའ་ངར་ཡང་བསྐྱེད་ཐུབ་པ་ཞིག་འདུག །རོ་ལངས་ཡིན་ཟེར་བ་བརྒྱད་དང་ལྷན་དུ་ང་རང་ཡང་རྣལ་འབྱོར་པའི་ཆས་སུ་བསྒྱུར་ནས། ཨཥྚ་ལ་འཛབ་དབྱངས་བྱེད་ཀྱིན་མཆོང་རྒྱུག་དང་སྐོར་བ་བྱེད་ཀྱིན་འདུག །དེ་ནས་བུད་མེད་མཛེས་མ་གོས་སྔོན་པོ་གྱོན་པ་གསུམ་བྱུང་ནས། ཐོད་པ་འོ་མས་གང་བ་གཅིག་འདུག་པ་ལ། འདི་ཅི་ཡིན་དྲིས་པས། བསྐྱེད་རིམ་ཡིན་ཟེར། ཐོད་པ་སྦྲང་གིས་གང་བ་ཞིག་འདུག་པ་ལ། དྲིས་པས། རྫོགས་རིམ་ཡིན་ཟེར། ཁྲག་གི(གིས)གང་བ་ཞིག་འདུག་པ་ལ། དྲིས་པས། དམ་ཚིག་དཔའ་བོ་མཁའ་འགྲོའི་སྙིང་ཁྲག་ཡིན་ཟེར། འོ་ན་ངས་གང་ནས་འཐུང་བྱས་པས། སྔོན་ལ་འོ་མ་འཐུང(འཐུངས)། སྦྲང་དང་ཁྲག་འདི་ཕྱིས་རིམ་གྱིས་འཐུང(འཐུངས)ཟེར། དེར་འོ་མ་དེ་འཐུང(བཏུང)པས་ལུས་ཉམས་མེར་མེར་ཤིག་ཤིག་ལ་ཡུན་རིང་རབ་སོང༌། གཉིད་སད་ནས་ཀྱང་། ཉིན་གུང་ཐུགས་མ་སངས་པར་འདུག །

འདི(འདིའི)རྟིང་། གཞན་ཡང་བསྙེན་མཚམས་ཆེ་བ་ཞིག་བྱེད་འདོད་ཡོང་ནའང༌། ཇོ་ནང་དུ་རྗེ་དྲུང་རིན་པོ་ཆེ་གཤེགས་པའི་སྟབས། ཇོ་ནང་པ་རྣམས་ཀྱིས་འབོད་མི་ནན་ཅན་དང༌། སྨོན་འགྲོ་ནས་ཚེ་དབང་དོན་གྲུབ་པ་དང་། དཔོན་སའི་དྲུང་གི་གསུང་ཡིག་ཡོང་མི་ཡོང་གི་འཐངས་ལེན་དང༌། ཡོང་བར་ཤར་ཚེ་གང་མྱུར་ཡོང་དགོས་པའི་ཚུལ་བྱུང༌། ངག་མཚམས་གྲོལ་ནས་དེ་འཕྲལ་ཡོང་བའི་གྲབས་བྱས།

ཧོར་ཟླ་བཞི་པའི་ཚེས་བདུན་གྱི་ཉིན་མོ་ཁྲི་ཁང་དུ་བླ་མ་དམ་པ་དཔལ་ལྡན་ཆོས་བཟང་མཇལ་ཙམ་བྱས། བསམ་འགྲུབ་རྩེ་ནས་འབོད་མི་བྱུང་བ་བཞིན། ཚེས་བརྒྱད་ཀྱི་ཉིན་བསམ་རྩེར་སླེབས་པའི་གཟིམས་ཁང་བདེ་བ་ཅན་གྱི་ལོགས་བྲིས་ལ་རབ་གནས་ཀྱི་སྟ་གོན་ཚུགས་པར་བྱས། དེའི་སང་གཟའ་སྐར་བཟང་བ་ལ་རབ་གནས་ཀྱི་དངོས་གཞི་བྱས་པས། ལོགས་བྲིས་ཀྱི་ལྷ་འགའ་རེས་མེ་ཏོག་མང་དུ་བཞེས་པ་བྱུང༌། མེ་ཏོག་བྱིངས་རྣམས་དེ་འཕྲལ་དྲུང་འཁོར་རྣམས་ཀྱིས་བྱིན་རླབས་རྟེན་ལ་ཁྱེར། གསུམ་བཞི་ཞིག་ཞག་མང་རབ་བསྡད་པར་གདའ། སྡེ་པ་རྒྱལ་བུའི་དྲུང་གིས་དེ་གོང་མཇལ་མ་མྱོང་བས་དེའི་ཉིན་མཇལ།

ཚེས་བཅུ་གསུམ་གྱི་ཉིན་རི་ཁྲོད་ཆེན་མོ་ཇོ་མོ་ནང་དུ་སླེབ(སླེབས)། སྡོད་ས་འདུ་ཁང་སྟེང་གི་ཐིགས་ཁང་དུ་བྱས། {ཡོལ་ཆོད་བྱས། དེ་ཉིན་གདུང་མཇལ་ལ་ཕྱིན།} གདུང་འབུལ་གང་བཟང་བཟང་གི་ཁུངས་དགུ་ཚན་གསུམ་པ་ཞིག་དང་། དེ་ཉིན་མང་ཇ་ཞིག་དང་། དེའི་སང་མང་ཇ་སྦྲེལ་མ་འགྱེད་བཅས་དང་བཅས་པ་ཞིག་བཏང༌། ཇོ་ནང་བླ་བྲང་ན་ནི་དེ་སྐབས་རྒྱུ་ཡོད་པའི་རིགས་སུ་མི་འདུག །གཟིམས་ཆུང་བཟང་རབ་ཡོད་པ་སྨོན་འགྲོ་བ་རང་དང་གཅིག །

ངེད་རྣམས་སླེབ(སླེབས)པའི་ཉིན་གདུང་གི་དྲུང་དུ་ཆོ་ག་ཞིག་བཏང༌། སང་ཉིན་གུང་ཚིགས་གྲོལ་མཚམས་ལ་སྐུ་འབུམ་ཐང་དུ་གཞིར་བཞུགས་ཀྱི་སྒྲུབ་སྡེ་རྣམས་ཀྱི་སྟེང་དུ་ཇོ་ནང་རང་གི་དགོན་ལག་རྣམས་དང་། ཆོས་ལུང་སྒྲུབ་སྡེ་དང་། དཀར་པོ་བ་སོགས་ཚོགས། དགོངས་རྫོགས་དངོས་གཞིའི་འགྱེད་དེ་ཡང་མཛད་ཅིང༌། དེ་མཚམས་མོལ་གཏམ་རྒྱས་པ་དང་བཅས་མཆོད་བསྔོ་རྒྱས་པར་ཕུལ།

{འཇིག་རྟེན་ཕལ་པའི་གྲོང་ནང་གི་བྱ་བ་དང་མ་འདྲེས་པ་ཞིག་དགོས་རྒྱུ་འདུག་ནའང་། བསྔོ་བ་གྲུབ་མཚམས་སྨོན་འགྲོའི་དྲུང་འཁོར་རྣམས་ཀྱིས་དགེ་འདུན་མཚམས་གཅོད་བྱེད་པ་སོགས་སྐབས་སུ་བབས་རྒྱུ་མེད་ཙམ་བྱུང་།}

དེ་མཚམས་དཔོན་དྲུང་སྐུ་མཆེད་ལ་འདུ་ཁང་སྟེང་དུ་ཇ་འདྲེན་གང་གྲག(དྲག)དང་། ཤིས་བརྗོད་བཀྲ་ཤིས་སོགས་བྱས། {དེ་འཕྲལ་གང་འོས་ཤིག་ཏུ་འགྲོ་རྩིས་ཡིན་ནའང་།} སྒྲུབ་སྡེ་རྣམས་ཀྱིས་ད་རེས་དགོངས་རྫོགས་ལ་དམིགས་པའི་སྦྱོར་དྲུག་ཡོངས་རྫོགས་ཤིག་སྒྲུབ་སྡེ་ངོ་རྐྱང་ལ་བྱེད་དགོས་ཚུལ་ནན་ཆགས་སུ་བྱུང་བས། ཟླ་བ་གཅིག་གི་བར་དུ་སྒྲུབ་སྡེ་སྤྱི་ནས་དཀོར་ཟོས{རྐོར་ཟོས་འཚོ་བ་སྦྱར}།

སང་ཉིན་ཚེས་བཅོ་ལྔ་དེ་ཁ་ནས་ཁྲིད་ཀྱི་འགོ་བཙུགས། སྔོན་འགྲོ་མདོར་བསྡུས་དམིགས་པ་འདྲི་བ་གཙོ་བོར་བྱས། ཞག་བདུན་ཙམ་ལ་བསྡུས། དབེན་གསུམ་གྱི་དམ་པོ་ཞག་བདུན་གྱི་སྐབས་མཚམས་ལ་འཇུག་ཁར་སྒྲུབ་སྡེ་རྣམས་ཀྱིས་བརྟན་བཞུགས་ཤིག་ཀྱང་མཛད་པ་བཞིན། འདུ་ཁང་རང་དུ་མཚམས་བཅད་ནས་བསྡད། རིག་པ་དྭངས་ཤིང་སྐྱིད་པ་ལ། ནུབ་རེ་བཞིན་འཚུབ་ཅིང་ཆོ་འཕྲུལ་ཆེ་བ་དང༌། དབང་གོང་མའི་སྐབས་མི་ཚོགས་ཀྱང་ཤིན་ཏུ་ཆེ་བ་ཞིག་བྱུང་ཞིང༌། དངོས་གཞི་དམ་པོ་སོགས་ནི་མ་ཐུབ།

སྔར་གོང་ཇོ་ནང་གི་ཚོགས་སུ་སོར་སྤོང་ཙམ་ལས་སྦྱོར་དྲུག་ཡོངས་རྫོགས་གནང་བ་མ་བྱུང་བ་ལོ་མང་དག་རང་སོང་འདུག་པས། འཁྲིད་ཚུལ་ཡོངས་རྫོགས་མི་ནུབ་པར་བྱ་བའི་ཕྱིར། ཡན་ལག་དྲུག་ཀར{དམིགས་པ་ལག་ལེན་དང་བཅས་པ}ཞིབ་པར་བཤད་ཅིང༌། {ཚོགས་སུ་ཅུང་ཟད་སྟོན་དཀའ་བ་རྣམས་ཀྱང་ས་བཅད་མ་སྟོང་བ་རེ་བྱས། གེགས་སེལ་བོག་འདོན་ཉེར་མཁོ་ཅི་རིགས་པ་དང་།} ཁྱད་པར་རྒྱུད་དོན་ཞིབ་མོར་བཤད་ན། དེར་ཚོགས་མི་རྣམས་ཀྱིས་མ་གོ་རུང༌། དཔའ་བོ་མཁའ་འགྲོ་དང་། དཀར་ཕྱོགས་ཀྱི་ལྷ་རྣམས་དགྱེས་པར་ངེས་ཤེས་སྐྱེས་ཏེ། རྒྱུད་དོན་ལྟར་མཐའ་གཅོད་བཤད་པ་ཡང་ཤིན་ཏུ་རྒྱས་པར་བྱས།

སྤྱིར་ད་ལྟ་ཡང{དུས་འཁོར་འདི་ཕྱོགས་ཀུན་ན་དར་རབས་འདུག་པ་དང་། ཁྱད་པར་སྦྱོར་དྲུག་ཇོ་ནང}ཀུན་མཁྱེན་ཆེན་པོ་ནས་བརྒྱུད་པ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བའི་ཁྲིད་ཡིག་གི་སྟེང་ནས་འཆད་པ་ཙམ་དང༌། དམ་པའི་ཕྱག་ལེན་ཙམ་ཡོད་པ་འགའ་རེ་འདུག་ན་ཡང༌། ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་ཀྱི་གྲུབ་མཐའ་ཤེས་བཞིན་དུ་སྐྱོང་བ་ཤིན་ཏུ་དཀོན་པར་འདུག་པ་དང༌། ཇོ་ནང་གི་གདན་སར་ཕེབས་པ་ལའང་། རྗེ་ཨོ་རྒྱན་རྫོང་པ་སོགས་འགའ་ཞིག་གིས་ཇོ་ནང་པའི་ལུགས་ཀྱི་དབང་ཁྲིད་སོགས་གནང་ཡང༌། ཀུན་མཁྱེན་ཆེན་པོའི་བཞེད་སྲོལ་རྒྱལ་བ་སྲས་བཅས་ཀྱི་གསང་ཚིག་དོན་དམ་གཞན་སྟོང་དུ་སྟོན་པ་རྡོ་རྗེའི་གསུང་སེང་གེའི་སྒྲར་གྲགས་པ་རྣམས་ལ་ཟུར་ཟ་དང་དགག་སྒྲུབ་མཛད་པས། ཆོས་སྲུང་ཕྱིན་ཆད་མ་མཉེས་པའི་གསུང་ངག་མི་བདེ་བ་སོགས་ཇི་སྙེད་ཅིག་བྱུང་འདུག །

སྤྱིར་དངོས་ཅག་གིས་ཤིང་རྟ་ཆེན་པོ་སུ་ལའང་དགག་སྒྲུབ་ནུས་པ་མ་ཡིན་པས། མཆོག་ཏུ་གུས་པར་བྱེད་མོད་ཀྱི། སྐབས་འདི་དག་ཏུ་ནི་རྟོན་པ་བཞི་ལྡན་ཆེན་པོ་ཉིད་ཀྱིས་བཞེད་པ་ལྟར་དགག་སྒྲུབ་ཀྱང་མཐའ་ཆོད་པར་བྱས་སོ། །

དེ་ནས་སྡེ་པ་ཨོ་ལོའི་འབོད་མི་ནན་ཆགས་ཡོད་པ་ལྟར། གཙང་གོ་གཉིས་མའི་དགོན་པ་བདེ་མཆོག་རྩེར་བྱིན། འདི་སྐབས་གཙུག་ལག་ཁང་སོགས་གསར་བཞེངས་དང་། མངའ་ཞབས་ལ་གྲྭ་ཁྲལ་ཡང་མཛད་འདུག །ཞག་བཅུ་བདུན་ཙམ་བསྡད། དེ་བར་དགོན་པ་བ་རྣམས་ལ་འདུ་ཁང་དེར་སྔ་དྲོ་ཐེག་ཆེན་བློ་སྦྱོང་གི་ཆོས་ཐུན་རེ་དང་། དགོང་མོ་ནཻ་གུའི་ཆོས་ཐུན་རེ་བཤད། ཐོས་བཙུན་རབ་བྱུང་བྱེད་མཁན་གསར་བ་བདུན་ཅུ་ཙམ་བྱུང་ཞིང༌། ཀུན་དགའ་དཔལ་བཟང་ཡང་དེ་སྐབས་ཀྱི་གྲྭ་པ་ཡིན། བསྙེན་རྫོགས་པའང་བདེ་མཆོག་རྩེ་བ་རང་བཅུ་གཉིས་ཙམ་དང་ཕྱོགས་པ་འདྲ་ཡང་བསྣན་པས་བཅུ་བདུན་ཙམ་བྱུང༌། སྡེ་པ་རང་ལ་སྒོས་སུའང་དབང་བཀའ་འདྲ་བྱས། {ཚེ་དབང་དང་རྗེས་གནང་ཟུར་བཀའ་ཅི་རིགས་དང་། འཇིགས་བྱེད་ཀྱི་དབང་ཞིག་བྱས།}

དེ་ནས་རང་རེའི་གྲྭ་རིགས་འདྲ་དང་། ཡོན་བདག་འདྲས་ཡང་ཡང་བསྐུལ་བ་དང༌། ངམ་རིང་ནས་ཤོག་གསུང(གསུངས)། ནན་ཆགས་ཡོད་པ་ལྟར་བློས་མ་ལོངས་པ་འགྲོ་མ་འདོད་པ་གཅིག་ལ་ཡར་ཆས་ཏེ། རྡོད་ཕུག་པོ་ཆེར་ཆོས་རྗེ་གྲགས་བཀྲས་པ་དང{འཕྲད། སྔོན་དུས་ཀྱི་གླེང་བསླངས་སོགས་ཡིད་ཤིན་ཏུ་འདྲིས་པའི}གསུང་འཕྲོས་སྨར་བར་བྱུང༌།

སང་ཉིན་ངམ་རིང་གི་ཕོ་བྲང་དུ་འབྱོར། སླེབ(སླེབས)པའི་གནངས་ཉིན་རྒྱལ་བུའི་ཞབས་དྲུང་དང་འཇལ། ཀ་བཞི་ལྷོར་བཞུགས་གྲལ་ཞིག་ཀྱང་བྱུང༌། དེ་སྐབས་གཅུང་ཚུལ་བས་ཚོད་བགམ་པའི་ཚུལ་དུ། དུས་འཁོར་ལ་བརྟེན་པའི་དྲི་བ་ཅུང་ཟད་བྱས་པ་ལ་དེ་མཐུན་གྱི་ལན་རྒྱས་པར་བཏབ།

འདི་གོང་དུ་སྨོན་འགྲོ་ནས་ཚེ་དབང་དོན་གྲུབ་པ་ཇོ་ནང་དུ་དགོངས་རྫོགས་གྲོལ་འཕྲལ་ངམ་རིང་དུ་བྱོན་པའི་མཐོ་དམན་ཕྱི་ནང་ཐམས་ཅད་དུ་ཁ་ལོག་གང་ཤེས་བཅུག་འདུག ། {ངེད་ཚོར་ཡང་ལེགས་ཆར་མི་འགྱུར་བའི་ཐབས་ལྷུར་མཛད་པ་ཞིག་བྱུང་བ།} ཞག་ཤས་མ་གོ་བར་རྫུ་བ་སྐྱབས་སུ་བྱས་ནའང༌། དེ་མཚམས་སྨོན་འགྲོ་བས་ཇོ་ནང་དུ་མི་སྣ་ཞིག་ཕབ། ཇོ་ནང་སྤྱི་ས་དང་། སྨོན་འགྲོ་བ་ཁ་མཆུ་ཐུག །ངམ་རིངས་སུ་ཞུ་གཏུགས་བྱས། ཇོ་ནང་པའི་ཕུགས་སུ་ངེད་ཚོ་ཞུགས་ཟེར། ཕྱོགས་འཕུལ་གླན་ག་བསྙད་བརྐོ་མངོན་ཚན་ཅན་བྱུང་བ་རྐྱེན་དུ་སོང༌། ཆོས་ལུང་གི་ཁུར་ལེན་ཀྱང་། ངེད་ཀྱིས་བྱེད་སྐབས་ཡིན་པ་ལ་བརྟེན་པའི་སྨོན་འགྲོ་བ་དང་འདོད་པ་མ་མཉམ། ཕྱི་ལྟས་ལེགས་ལམ་ཆུང་བ་རང་ཞིག་བྱུང་སོང༌།

བསམ་འགྲུབ་དགའ་ལྡན་པའི་འདུ་ཁང་ལོགས་བྲིས་ལ་རབ་གནས་བསྡུས་པ་ཞིག་བྱས། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་ཐང་རྙིང་པ་གཅིག་དང་། ལོགས་བྲིས་ཀྱི་ལྷས་མེ་ཏོག་བཞེས་པ་མང་དུ་བྱུང་བས། སློབ་དཔོན་པ་སོགས་ཤིན་ཏུ་དགྱེས་པར་གྱུར།

འདི་སྐབས་བཟང་ལྡན་ཆོས་སྡེ་སྤྱི་བས་ཁོར་གཅིག་ཅིས་ཀྱང་ཡོང་དགོས་ཚུལ་བྱུང་བས། ཉེར་གཉིས་ཀྱི་ཉིན་ཕྱིན། ཁོང་རྣམས་ཀྱིས་ཀྱང་སེར་འཕྲེང་སོགས་བཟབ(གཟབ)མ་མཛད། {འདི་སྐབས་སྡོད་ས་གཙུག་ལག་ཁང་གི་སྒོ་འཕྱོར་དུ་བྱས།} སླེབ(སླེབས)པའི་སང་ཉིན་འཇམ་དབྱངས་ཆོས་ཁྲི་ནས་ཐོག་མའི་རྟེན་འབྲེལ་འཇམ་དཀར་གྱི་རྗེས་གནང་ཞིག་བྱས་པ། ནམ་མཁའ་ཤིན་ཏུ་དྭངས་པ་ལ་ཉི་མ་ཐོག་ཕུབ་ཉིས་རིམ་དང་། མེ་ཏོག་གི་ཆར་ཆེན་པོ་བབས་པ་བསྙོན་མེད་དེར་ཚོགས་ཐམས་ཅད་ཀྱི་མིག་ལམ་དུ་ཕེབས་ཤིང༌། གྲྭ་པ་བགྲེས་པོ་ཐམས་ཅད་མོས་གུས་སྟོབས་སུ་གྱུར་པའི་སྤྱན་ཆབ་རང་དབང་མེད་པར་འབྱིན་པ་བྱུང༌།

{དུས་འཁོར་སྒྲུབ་མཆོད་ཀྱི་སྐབས་ལ་བབས་པ་ཚུན།} ད་རེས་དུས་འཁོར་གྱི་དབང་ཞིག་ཅིས་ཀྱང་བྱེད་དགོས་ཞེས་ཐམས་ཅད་མགྲིན་གཅིག་ཏུ་གསུང་གིན་འདུག་པས། ཚོགས་པ་ཐམས་ཅད་ལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་ཞིག་བྱས། {འདི་སྐབས་དུས་འཁོར་སྒྲུབ་མཆོད་པ་རྣམས་ཀྱི་སྟེང་དུ་ཉེ་འཁོར་གྱི་གྲྭ་རིགས་ཕལ་ཆེར་བྱོན་པའི}དབང་མི་བདུན་བརྒྱ་ལྷག་ཙམ་བྱུང༌། དེ་རྗེས་དྲག་བསྡུས་ལ་བདེ་མཆོག་དྲིལ་བུ་པའི་དབང་ཞིག་དང༌། ཚོགས་པ་བྱིངས་ལ་ཉེར་མཁོའི་ལུང་དང་། རྗེས་གནང་མང་དུ་བྱས། ཚོགས་སུ་མང་ཇ་གསུམ་ཙམ་དང་འགྱེད་བཟང་བ་ཞིག་དང༌། སྨུ་རྫིང་དུ་ཆོས་བདག་མ་ལའང་སྤྱན་གཟིགས་སོགས་བཟབ(གཟབ)རྒྱས་ཕུལ། འདི་སྐབས་ཞག་བདུན་བསྡད།

ཉེར་དགུའི་ནུབ་ན་དམར་དུ་བསྡད། སང་ཞོགས་བཟང་ལྡན་གྱི་ཆོས་བདག་མ་འཕྲེང་བའི་རྟེན་འབྲེལ་གྱིས་ཁལ་མ་ཐམས་ཅད་ངམ་རིངས་ཕྱོགས་སུ་མི་འགྲོ་བར་བཟང་ལྡན་ཕྱོགས་ལ་ཡང་ཡང་ཕྱིར་ལྡོག་པ་ཞིག་བྱུང༌། ངམ་རིངས་སུ་འདི་སྐབས་རྗེ་བཙུན་མ་ངག་དབང་དྲུང་ལ་བདེ་མཆོག་ཡབ་བཀའ་ཡུམ་བཀའ། བདེ་མཆོག་ལུ་ཡི་པའི་དབང་། རྣལ་འབྱོར་མའི་བྱིན་རླབས། རྩ་དབུ་མའི་ཁྲིད་སོགས་གསུང་ཕེབས་ལྟར་བྱས།

ཤུག་ཁྲོད་སྒྲུབ་སྡེ་པ་རྣམས་ལ་ཀྱཻ་རྡོ་རྗེ་དང་། དུས་འཁོར་གྱི་དབང༌། གཞན་ཡང་བདེ་མཆོག་ནག་པོ་པའི་དབང་ཆ་གཉིས་ཙམ་དང༌། འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱད་བསྐོར་གྱི་དབང༌། ཁྲིད་ལུང་རྗེས་གནང་སོགས་ཆོས་མི་འཕེལ་བ་མེད་ཙམ་བྱུང༌།

སྨོན་འགྲོ་ནས་ཆོས་ལུང་གི་ཕྱོགས་ལ་ངེད་ལ་ཐོབ་ཐང་གཅིག་ཀྱང་མེད་ཚུལ་ཆོས་ལུང་གི་ལུགས་གཉིས་ཐམས་ཅད་སྨོན་འགྲོ་བ་རང་གི་ཡིན་ཚུལ་ཁོ་ན་ཞུ་བ་དང༌། གཞན་ཡང་སྔ་ཕྱིར་བློ{རྩེ}གཏད་མཚམས་སྣ་ཚོགས་ཤིག་འདུས་པ་རྣམས་སྐབས་འདིར་མངོན་མཚན་དུ་གྱུར། དེ་ཕྱིན་ཁོང་ཚོ་རང་ལ་གཏོད་འདོད་པ་ཞིག་ངེད་རང་གི་བསམ་པ་ལ་བྱུང་ནའང་། ཟླ་པོ་རྣམས་ཀྱི་བློ་ལ་ཡེ་མི་རན་པ་འདུག །དེ་སྟབས་ནས་ལོ་གཅིག་གཉིས་འཛིན་དཀའ་བ་ཞིག་ཡོང་འདུག་པས། སྡེ་སྲིད་རང་ལ་དགོན་བཅོལ་ཞུས།

དབྱར་གཟིགས་སར་ཡོལ་ཐང་རབ་གནས་ལ་དགའ་སྟོན་ཡེ་མེད་པ་སྐམ་པོ་རང་ཞིག་ཀྱང་བྱས། {རྗེན་ནེ་བ་ཞིག་བྱུང}།

སྔ་སོར་ཇོ་ནང་གི་ཁྲི་ཐོག་ཏུ་རྗེ་དྲུང་གོང་མ་ཉིད་ཀྱིས་འཇོག་པ་མཛད་པའི་ཕྱག་ནས་གནང་བ་ཡིན་ཀྱང་། དེ་ལ་འདི་ཡིན་རང་གི་དགོས་པ་མ་བྱུང་བས། འདི་སྐབས་ཇོ་ནང་གི་གདན་ས་ལ་འགྲོ་དགོས་ཚུལ་གྱི་ཕེབས་སྒོ་བྱུང་བ། སྤྱིར་ནི་དགོན་པ་སོགས་ཀྱི་ཞེ་འདོད་ཡེ་མེད་ཅིང་། གནས་ངེས་མེད་དུ་དགེ་སྦྱོར་གང་འཕེལ་བྱེད་པ་ཞིག་རང་ལ་སྨོན་པ་ཡིན་པ་དང་། ཁྱད་པར་དོག་འཚངས་ཀྱི་རིགས་ལ་འདོད་པ་ཡེ་མེད་ནའང༌། བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་གྱིས་ཀྱང་བཀའ་བཀོད་ཀྱི་རིམ་པ་མང་དུ་གནང་བ་དང༌། དེ་སྐབས་ཀྱང་འཕྲལ་དུ་སློབ་དཔོན་རིན་པོ་ཆེའི་བཀའ་ལས་ཀྱང་སྟོད་ཕྱོགས་འདིར་ཡོན་མཆོད་ཀྱི་འབྲེལ་བྱེད་པ་ལ་ཇོ་ནང་ཅིས་ཀྱང་འཛིན་པ་འཐད། དེ་འདྲའི་ཆོས་བརྒྱད་ཀྱི་སྣང་བ་ལ་མི་ལྟ་ནའང༌། ཕྱོགས་འདི་ཀུན་ན་གྲུབ་མཐའ་རང་བློའི་ལམ་དུ་འདྲེན་པ་ཙམ་ལས། ཇོ་ནང་པ་ཡབ་སྲས་ཀྱི་བཞེད་སྲོལ་སྐྱོང་བ་ལྟ་སྨོས་ཀྱང་ཅི་དགོས། གྲུབ་མཐའི་ཕྱོགས་མགོ་ཐིངས་པ་ཙམ་ཡང་མི་འདུག་པས། ཆོས་ཚུལ་གྱི་བསྟན་པ་རང་ལ་བསམ་དགོས་པ་ཡིན་ཞེས་ནན་ཏན་དུ་གསུངས་པས། དེ་བློ་ལ་གཞག(བཞག)ནས་སྡེ་པར་ཡང{སྲས་ཡུམ་གྱི་གསུང་ཕེབས་པ་ལྟར}ཇོ་ནང་གི་གདན་སའི་ཁས་ལེན་ཞུས།

དེ་མིན་བགྱེད་དུ་སྒྲུབ་ཁང་ཡང་བཏབ། དེར་སྒྲུབ་པ་ལ་གཞོལ་བ་ཞིག་ལག་ཏུ་ལོངས་ན། ད་ཙམ་ན་ཚེ་གཅིག་གི་སངས་རྒྱས་ལ་ཡང་དཀའ་བ་རང་མེད་དམ་སྙམ་པ་དང༌། ཁྱད་པར་རང་གཞན་ཐམས་ཅད་ལ་ཕུགས་སུ་ཕན་ཆེ་བ་རང་ཞིག་ཡོང་བ་ཡོད་ནའང༌། འགྲོ་དོན་དུ་རྫུ་བའི་བདུད་ཀྱི་འཇུག་པ་འདི་སྤོང་དཀའ་བ་རང་ཞིག་བྱུང༌། བླ་ཆེན་གཞན་རྣམས་ཀྱིས་ཀྱང་འདི་ཡེ་མ་དགོངས་པར་གདའོ། །

ངམ་རིངས་ནས་ཕྱིར་འོངས་དུས་ཆོས་རྗེ་གྲགས་བཀྲས་པ་ཅུང་ཟད་བསྙུང་ནས་ཞག་ཤས་སོང་འདུག་པ་། ཁོང་གི་གཟིམས་ཁང་དུ་འཕྲད་པར་ཕྱིན། དེ་ནུབ་རང་ཡ་མཚན་པའི་ལྟས་དང་བཅས་ནས་གྲོངས།

དེ་ནས་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་ཧོར་ཟླ་བརྒྱད་པའི་ཚེས་ལྔ་ལ་སླེབ(སླེབས)། ཚེས་བརྒྱད་ཀྱི་ཉིན་གཟའ་སྐར་བཟང་བ་ལ་གདན་སར་འཁོད་ཅིང་བསྐོ། འཇའ་སྒྲོག་པ་དང་། བླ་བྲང་གི་སྔ་ཕྱིའི་རྩིས་སྤྲོད་ཀྱི་དཔང་པོ་ལ་གྲོ་ལུང་ནང་སོ་གནང་བྱུང༌། དེ་སྐབས་བླ་བྲང་རྙིང་པ་ནས་སྤྲོད་སྙིང་གི་མིང་བཏགས་ཕྲན་བུ་ལས་སྤྲོད་ནས་སོགས་ནི་གཅིག་ཀྱང་མེད། རྩིས་ལེན་གྲུབ་མཚམས་དེར་རང་གིས་སྐྱིད་ཕུག་ཏུ་ཟླ་གཅིག་ལྷག་ཙམ་མཚམས་དམ་པ་རང་བྱས། ཕག་མོའི་རིགས་ཤིག་ལ་བསྙེན་པ་བསྐྱལ།

ཧོར་ཟླ་དགུ་པའི་གཞུག་ན་མར་སྐྱིད་ཕུག་གི་སེ་བ་རྣམས་ལ་མེ་ཏོག་མང་པོ་གསར་དུ་ཁ་འབུས་པའི་དུང་འདབ་སྐྱ་ཆིལ་ལེ་བྱུང༌། དུས་ཚིགས་མ་ཡིན་པར་མེ་ཏོག་འབྱིན་པ་དགེ་ལྟས་སུ་བཤད་འདུག་པས། དགེ་ལྟས་ཙམ་ཡིན་ལ་ཆེའམ། ཡིན་དུ་རེ་བ་ནི་མི་བདོག །

འདི་སྐབས་རྨི་ལམ་དུ་རི་ཆེན་པོ་ཞིག་གི་ངོས་ལ་འཛེགས་པས། སྤང་གཤོངས་ཉམས་དགའ་བ་ཞིག་ཏུ་སླེབ(སླེབས)བྱུང༌། དེ་ན་སློབ་དཔོན་པདྨ་འབྱུང་གནས་ཡིན་ཟེར་བ་རྣལ་འབྱོར་པ་དབུ་བྲེག་མཚར་ལ་གཟི་བརྗིད་ཆེ་བ་ཞིག་འདུག །དེའི་དྲུང་ན་བོད་ཀྱི་དགེ་བའི་བཤེས་གཉེན་བགྲེས་སང་གིས་སོང་བ་ཤིན་ཏུ་གཟི་བརྗིད་ཆེ་བ་ཞིག་འདུག་པ་དྭགས་པོ་རྙི་བ་རིན་པོ་ཆེ་ཡིན་ཟེར། རྣལ་འབྱོར་པ་དེའི་གསུང་ནས། ང་དང་དོལ་པོ་བ་ངོ་བོ་གཅིག་གསུངས། གཞན་དེའི་གསུང་ནས། ང་དང་ཡང་གཅིག་གོ་གསུང་ངོ(གསུངས་སོ)། །དེ་ནས་ལྷ་ཁང་ཞིག་ན་རྟ་མགྲིན་གྱི་སྐུ་ཆེན་པོ་བཟོ་ཁྱད་བློ་ཡུལ་ལས་འདས་པ་ཞིག་འདུག །ཐུགས་ཀའི་ཐད་ན་སྦར་མཐིལ་ཙམ་གཅིག་ལ་དྲོད་ཚ་རིང་ངེ་བ། མེ་བཞིན་དུ་འོད་དམར་ལམ་ལམ་འདུག །རྟ་མགྲིན་འདི་ཀུན་མཁྱེན་ཆེན་པོ་ཉིད་མཚོན་པར་འདུག །རྣལ་འབྱོར་པ་དེའི་གསུང་ནས། འདི་ལུང་པ་འདིའི་རྟེན་གཙོ་འདི་ཡིན། རབ་གནས་ཀྱང་ངས་བྱས་པ་ཡིན། དང་པོ་སྐུ་གཟུགས་ཐམས་ཅད་ཐུགས་ཀའི་འདི་འདྲ་བ་ཞིག་ཡོད་པ་ཡིན། ཕྱིས་ལྟ་གྲུབ་ཀྱི་སྐྱོན་འགས་འདི་ལྟར་སོང་གསུང(གསུངས)། སྔོན་གྱི་བྱིན་རླབས་ཀྱི་རྒྱུན་ད་ལྟ་དེ་ཙམ་གནས་པའི་བརྡའ་རུ་གོ །ཆེན་པོ་དེ་དག་རྒྱུད་གཅིག་གསུང་བ(གསུངས་པ)དེ་དག་ཁོ་རང་གི་གནས་ཚུལ་བསམ་ལས་འདས་པ་དང༌། དེ་སྐད་གསུང་བ(གསུངས་པ)ལའང་དགོས་པ་གཞན་རང་ཨེ་ཡོད་མི་ཤེས། འདི་སྐད་གསུང(གསུངས)པ་འདི་བདག་ལ་ཉམས་མྱོང་སྐྱེ་ཚུལ་ལུང་བསྟན་པར་འདུག །དང་པོ་པད་འབྱུང་གི་རྟེན་འབྲེལ་དེ་སད་ཡོང་ལ་ཁད་ལ་ཕྱིར་ལོག་ཀྱང་དེས་སྒོམ་གྱི་ས་བོན་ཐེབས། བར་སྐབས་སུ་དཔལ་སྒམ་པོ་བའི་ཆོས་ཀྱིས་རྟོགས་པ་མཁའ་ལྟར་ཁྱབ། དེ་ཀས་རྒྱུད་སྨིན་ནས་ཕྱིས་ཀུན་མཁྱེན་ཆེན་པོའི་བཞེད་དགོངས་ལྟར་ཉམས་སུ་མྱོང་བ་འདི་ལ་ལྟ་བར་འདུག་གོ །

{སྔ་ཕྱིར་ཇོ་མོ་ནང་གི་གནས་འདི་གསལ་སྟོང་གི་ཏིང་ངེ་འཛིན་ཤས་ཆེར་སྐྱེ་བ་ལ་བསྔགས་པར་ཡིད་ཆེས་རྙེད་པར་བྱུང་ངོ་། །}

འདིར་སྨྲས་པ།

དཀར་ནག་ལས་ཀྱི་རི་མོ་ཚོར་བ་བཀྲ། །
ལེགས་པར་སྨོན་ལམ་ཕྱག་རྒྱས་བཏབ་པའང་དེ། །
བློ་ལྡན་དེ་ལྟར་ཤེས་ནས་ནམ་དུ་ཡང༌། །
ཞིང་སྦྱོང་བ་ལ་ནན་ཏན་འབད་པར་མཛོད། །

{ཅེས་པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་སྒྱུ་མའི་བསླུ་བྲིད་འགའ་ཞིག་དང་། རྟོན་པ་བཞི་ལྡན་གྱི་རང་ལུགས་པར་གྱུར་པ་ལས་བརྩམས་པ་སྟེ་བཅུ་གཉིས་པའོ། །}

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།