Tagtan

༈ རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ།

གནས་མཆོག་འདི་ནི་ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་ཡོངས་གྲགས་སུ་༧རྗེ་བཙུན་ཏཱ་ར་ནཱ་ཐ་མཆོག་དགུང་གྲངས་ཞེ་གཅིག་པ་ཤིང་མོ་ཡོས་ཀྱི་ལོ། དབོ་ཟླའི་ཚེས་བཅུ་གཅིག་སྦྱོར་བ་དང་བྱེད་པ་བཀྲ་ཤིས་པའི་དུས་ས་ཆོག་མཛད། སྤྱི་ལོ་༡༦༡༥ལོར་རྟག་བརྟན་དམ་ཆོས་གླིང་གི་རྨང་གཞི་བཏིངས། གཙང་བ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་བླ་མཆོད་དུ་བཀུར་ཞིང༌། དགོན་གཞི་འདེབས་པའི་ཆ་རྐྱེན་དུ་མཆོད་གཞིས་ལྷ་འབངས་བཅས་ཕུལ། ཆོས་སྡེ་འདི་ཉིད་བཞེངས་པའི་དུས་མཁའ་ལ་འཇའ་འོད་དང་མེ་ཏོག་གི་ཆར་བབས་པ་སོགས་ཡ་མཚན་པའི་རྟགས་མཚན་མང་དུ་བྱུང༌། ས་ཕྱོགས་འདི་ཉིད་རིའི་རྩ་བ་ནས་ཁྲི་སྟེགས་ཡན་ཆད། ཨེ་ཡིག་ཆོས་ཀྱི་འབྱུང་གནས་རྩེ་མོ་ཤར་དུ་བསྟན་པའི་རྣམ་པ་ཅན། དེའི་ནང་གི་ངོས་ཡངས་པའི་ཕྱོགས་སུ་སྤྱིར་གནས་གཞི་འདི་ཉིད་དང༌། ཁྱད་པར་གཙུག་ལག་ཁང་ཝཾ་ཡིག་བདེ་བ་ཆེན་པོའི་ཚུལ་དུ་བཞུགས་པ་ལགས། སྟོན་པའི་བཞུགས་གནས་རྒྱལ་བྱེད་ཀྱི་ཚལ་དང་མཚུངས་པར་དབུས་སུ་གཙུག་ལག་ཁང་ཆེན་པོ། དེའི་མཐའ་སྐོར་གཙུག་ལག་ཁང་བཅུ་དྲུག གཞན་གཙུག་ལག་ཁང་ཆེས་མང་བའི་ནང་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས། གདན་རབས་གསུམ་པ་ཀུན་དགའ་རིན་ཆེན་རྒྱ་མཚོའི་ཐུགས་སྲས་བློ་གྲོས་རྣམ་རྒྱལ་གྱིས་གདན་ས་བཟུང་ནས་དམ་པ་དེ་ཉིད་དག་ཞིང་ཕེབས་པའི་ཤུལ་ནས་ཇོ་ནང་བའི་བསྟན་པར་ཡ་ང་བའི་ཆག་འཇིག་ཐེབས་ཏེ། དགོན་མིང་དགེ་ལྡན་ཕུན་ཚོགས་གླིང་བཏགས་ནས་དགེ་ལུགས་པར་བསྒྱུར་ཏེ་ལོ་སུམ་བརྒྱ་ལྔ་བཅུ་ལྷག་སོང་ཡོད། ད་ལྟ་དགོན་འདིའི་བྱིན་རྟེན་གྱི་གཙོ་བོ་ཏཱ་ར་ནཱ་ཐཱའི་ཕྱག་འཁར་དང༌། ཆོས་དུང༌། མ་ཡུམ་གྱི་ཕྱག་འཁར། རྗེ་བཙུན་མེ་ལོང༌། གནམ་ལྕགས་ལས་གྲུབ་པའི་གྲི་གུག ཀུན་མཁྱེན་ཞབས་ལྷམ། འདུ་ཁང་ཐོག་མའི་ནུབ་ཕྱོགས་ལྷ་ཁང་དུ་ལྡེབས་རིས་ཀྱི་རྟོན་པ་བཞི་ལྡན་དོལ་པོ་པའི་སྐུ་འདྲ་ཁྱད་མཚར་ཅན་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་གསུང་ཐུགས་ཀྱི་རྟེན་མང་བོ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ། རྒྱ་ནག་གིས་བོད་དབང་བསྒྱུར་མ་བྱས་པའི་ཡར་སྔོན་ལ་ྋསྐྱབས་མགོན་ཁལ་ཁ་རྗེ་བཙུན་སྐུ་ཕྲེང་བཅུ་གཅིག་པ་༧འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག་ཞབས་སོར་འཁོད་ནས། ངོ་མཚར་པའི་ལྷ་ཁང་བཅུ་དྲུག་སོགས་ཞིག་གསོ་དང་དགོན་པའི་སྒྲིག་གཞི་ལེགས་བཅོས་ཀྱིས་དམར་ཟས་མཚམས་འཇོག དུས་བཟང་ཁག་ལ་ཕྱག་མཆོད་སྔ་སྲོལ་མ་ཉམས་པར་བྱས། ད་ལྟའི་ཆར་མཆོག་སྤྲུལ་བློ་བཟང་བསྟན་འཛིན་གྱིས་གཙོས་བླ་གྲྭ་བརྒྱ་ལྷག་རྒྱུན་བཞུགས་སུ་གནས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།