༄༅།། ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་ཆོས་ཁུངས་དང་འབྲེལ་བའི་ཆེ་བ་བརྗོད་པ།

ཨོཾ་སྭཱ་སྟི། གང་ཞིག་དྲན་པ་ཙམ་གྱིས་ནི། །འཁོར་བའི་འཆིང་བ་གྲོལ་མཛད་པ། །བླ་མ་མཆོག་གི་ཞབས་པད་ལ། །གུས་པས་ཕྱག་འཚལ་བྱིན་གྱིས་རློབས། །འདིར་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་སྟོན་པ་ལ། ཐོག་མར་ཆོས་ཁུངས་དང་འབྲེལ་བའི་ཆེ་བ་ཅུང་ཟད་བརྗོད་པར་སྤྲོ་ན། འདིར་བླ་མ་གོང་མ་རྣམས་ཀྱི་གསུང་ལས། མདོ་རྒྱུད་ཐམས་ཅད་ཀྱི་དོན་གྱི་བཅུད་མ་ལུས་པ་ཕྱུང་བ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག་རྣལ་འབྱོར་དབང་ཕྱུག་ཐམས་ཅད་ཀྱི་གཤེགས་ཤུལ་ལམ་འཇུག་ངོགས། ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་དང་ལྡན་པའི་གང་ཟག་ཅིག་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་ས་ལ་འཁྲིད་པར་བྱེད་པའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན། རྒྱུད་ཀྱི་རྒྱལ་བོ་གཞན་དུ་མ་རྣམས་སུ་རྡོ་རྗེའི་ཚིག་སྦས་ཤིང་གསང་བའི་དོན། མཆོག་གི་དང་བོའི་སངས་རྒྱས་དུས་ཀྱི་འཁོར་ལོར་མ་སྦས་ཤིང་གསལ་བར་བསྟན་པ། ཕྱག་རྒྱ་ཆེན་པོ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ཞེས་གསུངས་པའི་དབང་དུ་བྱས་ནས། ཆོས་འདི་མདོ་རྒྱུད་ཐམས་ཅད་ཀྱི་དོན་གྱི་བཅུད་མ་ལུས་པ་ཕྱུང་བ་ཡིན་ཏེ། མདོ་སྔགས་ཀྱི་ལམ་ཐམས་ཅད་ཀྱི་མཐར་ཐུག་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་ཡིན། རྒྱུད་ལས་ཀྱང༌། གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་བོ་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ།། ཞེས་གསུངས་པ་ལྟར། བརྩེ་བ་སྙིང་རྗེ་ཆེན་པོ་དང༌། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་ཟུང་དུ་འཇུག་པ་དེ། ཆོས་འདི་ཉིད་ཀྱི་སྙིང་བོར་རྟག་ཏུ་བཞུགས་པ་ཡིན་ཏེ། སྦྱོར་དངོས་རྗེས་གསུམ་ཐམས་ཅད་ཀྱི་སྐབས་སུ། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱེད་པ་ཡིན། སྟོང་ཉིད་ཀྱི་ལྟ་བ་གོ་ཡུལ་དུ་འཇོག་པའི་གནས་སྐབས་ཀྱང་མང་དུ་ཡོད་ལ། འོན་ཀྱང་གོ་ཡུལ་གྱི་སྟོང་ཉིད་དེ་ཙམ་ཁོ་ན་གནད་དུ་མི་ཆེ་སྟེ། དོན་གྱི་གཙོ་བོ་དཔྱད་པ་ལས་འདས་ཤིང༌། རྗེས་དཔག་ཙམ་གྱི་ཡུལ་མ་ཡིན་པའི་སྤྲོས་བྲལ་སྟོང་ཉིད་ནི་ཆོས་འདིའི་དམིགས་པའི་མཐིལ་ཡིན་ནོ།།

ཡང་གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་ཁྱད་ཆོས། གཞན་དང་ཐུན་མོང་མ་ཡིན་པ་ནི། མི་འགྱུར་བའི་བདེ་བ་སྙིང་རྗེ་ཆེན་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་སྟོང་བ་ཉིད་དེ། དེ་གཉིས་ཟུང་དུ་འཇུག་པ་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་ན། དེ་ནི་ཆོས་ཚུལ་འདི་ལ་ཡོད་པ་ཙམ་དུ་མ་ཟད། ཟུང་འཇུག་གི་ལམ་དེ་ནི་སྦྱོར་བ་ཡན་ལག་དྲུག་པ་འདི་ཁོ་ན་ཡིན་གྱི་ལམ་གཞན་ལ་མེད་ཅེས་དམ་འཆའ་རུ་ཡང་རུང་སྟེ། རྒྱ་བོད་ཕལ་ཆེར་ལ་གྲགས་པའི་མན་ངག་རྗེས་འབྲང་གི་ཡི་གེ་རིས་སུ་འཁོད་ཅིང་རྒྱུན་ཡོད་པ་རྣམས་ཀྱི་དབང་དུ་བྱས་ན། སྦྱོར་དྲུག་ལས་གཞན་པའི་རིམ་ལྔ། ཕྱག་རྒྱ་བཞི་པ། ཕྱག་རྫོགས་ཞི་གཅོད། ཆོས་དྲུག་ལམ་འབྲས་སོགས་གང་ལ་ཡང་ཟུང་འཇུག་གི་ལམ་ཡོངས་སུ་རྫོགས་པར་མཚན་ཉིད་ཚང་བ་མེད་ན། གཞན་བླུན་པོ་མགོ་སྐོར་གྱི་ཆོས་དང༌། རྟོག་གེ་བས་བརྟགས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ།།

དེ་ཡང་དེ་དང་དེའི་ལུགས་སྲོལ་འཛིན་པར་འདོད་པའི་རྗེས་འཇུག་རྒྱ་བོད་རྣམས་ཀྱི་འཆད་ཚུལ་ལ་དེ་ལྟར་ཡིན་གྱི། ཀླུ་སྒྲུབ་ཀྱི་རིམ་ལྔ། ཛྙ་ན་པའི་གྲོལ་ཐིག དྲིལ་བུ་རིམ་ལྔ། ནག་པོ་རིམ་བཞི་སོགས་ཀྱི་གཞུང་རྩ་བ་རྣམས་ཀྱི་དགོངསགཏད་ནི། ཆོས་འདི་དང་གཅིག་པས་གྲུབ་ཐོབ་དེ་དག་གིས་ཀྱང་ལམ་འདི་ཁོ་ན་ཐུགས་སུ་ཆུད་པ་ཡིན་ཅིང༌། གཞུང་དེ་དག་ཆོས་འདི་དང་མཐུན་པར་འཆད་ཤེས་ན་དགོངས་པ་ཕྱིན་ཅི་མ་ལོག་པར་འགྱུར་རོ།།

དོན་གྱི་གཙོ་བོ་ནི་དེ་ལྟ་བུ་ཡིན་ལ། གཞན་ཡང་དད་པ་དང༌། ངེས་འབྱུང་དང་བླང་དོར་གྱི་སྤྱོད་པ་དང༌། ཞི་གནས། ལྷག་མཐོང་དང༌། ཚད་མེད་བཞི། ཕར་ཕྱིན་བཅུ། བསྡུ་དངོས་བཞི། བྱང་ཕྱོགས་སོ་བདུན་སོགས་མདོ་དང་ཐུན་མོང་བ་རྣམས་དང༌། སྨིན་གྲོལ་གྱི་ལམ། མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར། དབང་བཞིའི་ཡེ་ཤེས། བསྐྱེད་རྫོགས་ཀྱི་རིམ་པ་རྣམ་གྲངས་མི་འདྲ་བ་ཐམས་ཅད། རྡོ་རྗེའི་རྣལ་འབྱོར་འདིའི་ཁོངས་སུ་ཆུད་པའི་ཕྱིར། ཆོས་འདི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཞེས་བྱའོ།།
ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ཡི་བཞི་པ་དང༌།། ལྔ་པ་ཐུབ་པའི་དགོངས་པ་མིན།། ཞེས་གསུངས་པས་ཉན་ཐོས་རང་རྒྱལ་ཐེག་ཆེན་ཏེ། ཐེག་པ་གསུམ་དུ་མ་འདུས་པའི་ཐེག་པ་བཞི་པ་མེད་མོད་ཀྱང༌། གསུམ་པོའི་ནང་སེལ་གྱི་དབྱེ་བ་ལ་བརྟེན་པའི་རྣམ་གྲངས་ཀྱི་ཐེག་པ་མང་དུ་འབྱུང་བའང་མི་འགལ་ཏེ། ལང་ཀར་གཤེགས་པ་ལས། ཐེག་པ་རྣམ་པ་མང་བཤད་པ།། སེམས་ཅན་རྣམས་ནི་དྲང་བའི་ཕྱིར།། ཐེག་པ་ཐ་དད་ངས་བཤད་དེ།། ཐེག་པ་གཅིག་ཏུའང་ངས་བསྟན་ཏོ།། ཇི་སྲིད་སེམས་ནི་འཇུག་པའི་བར།། ཐེག་པ་དག་ལ་ཐུག་པ་མེད།། ཅེས་གསུངས་བས་སོ།།

དེས་ན་དད་པ་ཕུན་སུམ་ཚོགས་པས་བླང་དོར་ཕྱིན་ཅི་མ་ལོག་པར་བྱེད་པ་ནི་ལྷའི་ཐེག་པ་དང༌། འཇིག་རྟེན་པའི་ཏིང་ངེ་འཛིན་རྣམས་སྒོམ་པ་ནི་ཚངས་པའི་ཐེག་པ་སྟེ། དེ་གཉིས་འཇིག་རྟེན་པའི་ཐེག་པ་ཡིན་པས། ཐེག་པ་དངོས་མ་ཡིན་ལ། དེ་ལས་མཆོག་ཏུ་གྱུར་པ་ཉན་ཐོས་ཀྱི་ཐེག་པ་དང༌། དེ་བཞིན་དུ་རང་རྒྱལ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བྱ་རྒྱུད་དང༌། སྤྱོད་རྒྱུད་དང༌། རྣལ་འབྱོར་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་ཐེག་པ་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཆོག་ཏུ་གྱུར་བ་ཡིན་ཅིང༌། རྣལ་འབྱོར་བླ་མེད་གཞན་ཐམས་ཅད་ལས་ཀྱང་ཆེས་མཆོག་ཏུ་གྱུར་པ་ནི། དཔལ་དུས་ཀྱི་འཁོར་ལོ་ཡིན། རྒྱུད་འདིའི་ཟབ་དོན་མཐར་ཐུག་ནི། རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ཡིན་པས། ལམ་དང་འབྲས་བུའི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེའམ་མཐར་ཐུག་པ་ནི། རྣལ་འབྱོར་ཡན་ལག་དྲུག་པ་འབྲས་བུར་བཅས་པ་དང༌། གསུང་རབ་སྡེ་སྣོད་ཀྱི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པའི་ཡང་རྩེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཡིན་ནོ།།

སྐབས་འདིར་དོགས་པ་འདི་འབྱུང་སྟེ། འདུས་པ་བདེ་དགྱེས་སོགས་ཀྱང་བླ་ན་མེད་པ་ཡིན་ན། དེ་དག་ལས་དུས་འཁོར་ལྷག་པ་མི་འཐད་དོ་སྙམ་ན། སྤྱིར་སངས་རྒྱས་ཀྱི་བཀའི་གླེགས་བམ་དང༌། ཚིག་ལ་བྱིན་རླབས་ཆེ་ཆུང་ངམ། ཕྱག་མཆོད་ཀྱི་ཡུལ་དུ་བཟང་ངན་གྱི་ཁྱད་པར་འབྱེད་པ་སོགས་ནམ་དུ་ཡང་མི་རུང་ན། རྣལ་འབྱོར་བླ་མེད་ནང་ཚན་དུ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ན་ཡང༌། ཚིག་ཟིན་གྱི་དོན་དང༌། སྒྲ་ཇི་བཞིན་པའི་དོན་ལ་རྒྱ་ཆེ་ཆུང་དང༌། ཟབ་མི་ཟབ་ཀྱི་ཁྱད་པར་ཡོད་པས། དོན་འདིའི་དབང་དུ་བྱས་ཏེ། བླ་མེད་གཞན་རྣམས་ལས་དུས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བ་ཡིན་པས། འདི་ཉིད་ཐེག་པའི་ཡང་རྩེར་འཇོག་ལ། རྒྱུད་གཞན་ཐམས་ཅད་ཀྱི་སྦས་དོན་འདིས་གསལ་བར་མཛད་ཅིང༌། དེའི་ཚེ་བླ་མེད་ཀྱི་རྒྱུད་གཞན་རྣམས་ཀྱི་དགོངས་དོན་གྱི་གནས་ཐམས་ཅད་འདི་དང་གཅིག་པར་འགྱུར་བའི་ཕྱིར། འདུས་པ་བདེ་དགྱེས་སོགས་ཀྱང་བླ་ན་མེད་པ་མ་ཡིན་པར་ཐལ་བའི་སྐྱོན་ག་ལ་ཡོད། ཡང་བློ་དམན་འགའ་ཞིག་ལ་དོགས་པ་འདི་འབྱུང་སྟེ། འདི་ཐེག་པའི་ཡང་རྩེ་ཁོ་ན་ཡིན་ན། ཐེག་པ་གཞན་ཐམས་ཅད་དང་ཐུན་མོང་མ་ཡིན་པར་འགྱུར་བའི་ཕྱིར། མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་པར་འགལ། ཡང་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་ན་ཐེག་དམན་གྱི་དོན་ཡང་ཡིན་པའི་ཕྱིར། ཡང་རྩེ་ཡིན་པར་འགལ་སྙམ་པ་འདི་འབྱུང་ངོ༌།། དེའི་ལན་ནི། ཐེག་པ་ཆེ་ཆུང་མདོ་རྒྱུད་ཐམས་ཅད་ཀྱི་ཐུགས་ཀྱིགཏད་སོའི་དགོངས་པ་གཅིག་ཡིན་ཅིང༌། གཅིག་པོ་དེ་ཡང་རྡོ་རྗེའི་རྣལ་འབྱོར་ཁོ་ནའོ།། འོན་ཀྱང་སོ་སོའི་ཚིག་གི་དངོས་བསྟན་སྒྲ་ཇི་བཞིན་པ་ལ་ཟབ་དོན་འདི་གསལ་མི་གསལ་དང་རྒྱས་མི་རྒྱས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས། མཆོག་དམན་མེད་པའང་མ་ཡིན་ནོ།།

དེས་ན་ངེས་དོན་ཤིན་ཏུ་གབ་པའི་གསུང་རབ་རྣམས་ལ་གང་ཟག་སྐལ་དམན་དག་ཡིད་རྟོན་པས་ཐེག་དམན་གྱི་མདོ་ཞེས་གྲགས་ཤིང༌། ངེས་དོན་ཅི་རིགས་གབ་ཅིང་ཇི་ལྟར་འོས་པ་གསལ་བར་མཛད་པ་རྣམས་གང་ཟག་དབང་པོ་འབྲིང་གི་རིགས་རྣམས་ཀྱི་སྐལ་བར་ཐོབ་པ་ནི་ཕར་ཕྱིན་ཐེག་པ་ནས་ཡོ་གའི་ཐེག་པའི་བར་དུ་གྲགས་ཏེ་བླ་ན་ཡོད་པའོ།།

ཟབ་དོན་མཐར་ཐུག་གསལ་བར་སྟོན་པ་རྣམས་དབང་པོ་མཆོག་རྣམས་ཁོ་ནའི་ཆོས་ཀྱི་སྐལ་བར་བྱོན་པ་ལ་ཐེག་པ་བླ་ན་མེད་པ་ཞེས་གྲགས་པ་ཡིན་ནོ།། དེས་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་ལས། རྡོ་རྗེའི་རྣལ་འབྱོར་འདི་སྤྱིར་གསལ་པོར་བསྟན་པ་ཙམ་ཡིན་མོད་ཀྱང༌། དཔལ་ལྡན་དུས་འཁོར་དང་བསྐྲུན་ན། གཞན་དེ་རྣམས་རྡོ་རྗེའི་རྣལ་འབྱོར་གྱི་རྣམ་གཞག་འགའ་ཞིག་ཏུ་མི་གསལ་བ་དང༌། ཁ་ཅིག་ཏུ་བསྡུས་པ་དང༌། ལ་ལ་དག་ཏུ་མ་ཚང་བའི་ཚུལ་དུ་ཡོད་ལ། རྒྱུད་ཀྱི་རྒྱལ་པོ་འདིར་ནི། ཟབ་ལམ་མཐར་ཐུག་འདི་ཤིན་ཏུ་གསལ་བ་དང༌། ཆེས་རྒྱས་པ་དང༌། ཡོངས་སུ་རྫོགས་ཤིང་གབ་པ་དང་འཁྲུགས་མེད་ལ། འཐོར་ཐབས་མ་ཡིན་པར་གསུངས་པའི་ཕྱིར། མཆོག་དང་རྩེ་མོར་གྱུར་པའང་ཡིན་ནོ།།

དེས་ན་དངོས་སུ་གསལ་བར་བསྟན་པའི་སྒོ་ནས་གཞན་དང་ཐུན་མོངས་མ་ཡིན་པ་ཐེག་པའི་ཡང་རྩེ་ཡིན། དགོངས་པའི་གཏད་སོ་ཕུགས་ཀྱི་ཞེ་འདོད་ཀྱི་དབང་དུ་བྱས་ན། ཐེག་པ་མཐའ་དག་གི་དགོངས་པ་ཡིན་ནོ།།

དེ་ཡང་འདི་ལྟར་གོ་དགོས་ཏེ་ཉན་ཐོས་ཀྱི་སྡེ་སྣོད་ནས་རྣལ་འབྱོར་རྒྱུད་མན་ཆད་ཀྱི་གཞུང་ན། སྤྱི་ལྡོག་ནས་གྲུབ་པའི་ཁྱད་པར་ཅན་གྱི་དོན་ཡང་ཤུགས་ལ་འགྲུབ་པ་མང་སྟེ། དཔེར་ན་མིའི་འགྲོ་བ་ཙམ་བདེ་འགྲོ་ཡིན་པར་གྲུབ་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བདེ་འགྲོའི་མཆོག་ཡིན་པར་ཤུགས་ལ་གྲུབ་པ་བཞིན་དུ། སྤྱི་ལྡོག་ནས་སྟོང་ཉིད་སྒོམ་པ་ལམ་གྱི་མཆོག་ཏུ་གསུངས་པས། ཁྱད་པར་ཅན་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་སྒོམ་པ་ལམ་གྱི་ཆེས་མཆོག་ཏུ་ཤུགས་ལ་བསྟན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཚུལ་སྤྱི་ལྡོག་ནས་ནམ་མཁའི་རྣལ་འབྱོར་ཙམ་དང༌། བླ་གབ་མེད་པའི་རྣལ་འབྱོར་ཙམ་ཡིན་པར་དངོས་སུ་གསུངས་པས། དེའི་ཤུགས་ལ་ནམ་མཁའ་དང་བླ་གབ་མེད་པའི་རྣལ་འབྱོར་ཁྱད་པར་ཅན་སོར་སྡུད་ཀྱི་ལམ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ཐབས་ཀྱི་གཙོ་བོ་ཡིན་པར་གསུངས་པར་འགྲོ་བ་ལྟ་བུ་སྟེ། དེས་གཞན་རྣམས་ལའང་མཚོན་ནོ།།
ཡང་བླ་མེད་ཀྱི་བསྡུས་རྒྱུད་གཞན་རྣམས་ལས་ནི། ཁྱད་པར་ཅན་དེ་རྣམས་སྤྱི་ཁྱབ་ཀྱི་ཁོག་ཏུ་སྦས་ཏེ་གསུངས་པ་ཉུང་ལ། རྒྱུད་ཚིག་བགྲམ་པོ་གོ་དཀའ་བའི་ཚུལ་གྱིས་སྦས་པ་དང༌། དང་པོར་ནག་པོ་རབ་ཏུ་བསྒོམ། ཞེས་པ་ལྟ་བུ་ནག་པོ་མུན་པའི་ནམ་མཁའ་ལ་དགོངས་པ་ཡིན་ཡང༌། སྐྱེ་བོ་ཕལ་གྱིས་དོན་གཞན་ལ་འཁྲུལ་འགྲོ་བའི་ཚུལ་གྱིས་སྦྱར་བའི་སྦས་པ་དང༌། བསྐྱེད་རིམ་གྱི་ཟོལ་གྱིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བཤད་པ་དང༌། མི་འགྱུར་བའི་བདེ་བ་ཞུ་བ་དེའི་ཁོངས་སུ་སྦས་པ་དང༌། དབང་བཞི་པ་དབང་གསུམ་པའི་ནང་དུ་སྦས་པ་དང༌། གཞན་ཡང་བརྡ་ཐབས་སྣ་ཚོགས་པས་བསྟན་ཏེ། བྱང་ཆུབ་སེམས་དཔའི་འགྲེལ་བ་དང༌། བླ་མའི་མན་ངག་དང༌། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱ་བའི་རིམ་པས་གོ་བར་བྱ་དགོས་ཀྱི། གཞན་དུ་མཁས་པར་རློམ་པ་རྣམས་མགོ་རྨོངས་པར་འགྱུར་རོ།།

རྒྱུད་ཀྱི་བསྟན་དོན་ནི་རྡོ་རྗེའི་རྣལ་འབྱོར་ཁོ་ན་ཡིན་གྱི་རིགས་མཐུན་སྤྱི་ཁྱབ་ཙམ་སྨོས་པ་མ་ཡིན་ནོ།། འཇིན་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཞེས་བྱ་བ་ལ། གསང་འདུས་ཕྱི་མ་ལས། མི་སྣང་ལ་སོགས་དངོས་གྲུབ་ནི།། ཐ་མལ་པ་ཞེས་བཤད་པ་ཡིན།། སངས་རྒྱས་ཉིད་འགྲུབ་སངས་རྒྱས་ཀྱིས།། དངོས་གྲུབ་མཆོག་ཅེས་བཤད་པ་ཡིན།། ཞེས་གསུངས་པ་ལྟར། རིལ་བུ་མིག་སྨན་རྐང་མགྱོག་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཆུང་ངུ༌། འདོད་པའི་ལུས་ཀྱི་རིག་འཛིན་འབྲིང་པོ་གཟུགས་ཀྱི་རིག་འཛིན་ཆེན་པོ་སྟེ། དེ་རྣམས་འཇིག་རྟེན་པའི་དངོས་གྲུབ་ཡིན། འཇིག་རྟེན་ལས་འདས་པ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཡན་ཆད་ནས་མཐར་ཐུག་པ་རྫོགས་པའི་སངས་རྒྱས་སོ།།

ཐུན་མོང་འཇིག་རྟེན་པའི་དངོས་གྲུབ་ནི་བསྐྱེད་རིམ་གྱི་རང་འབྲས་སུ་ཟད་པ་མ་ཡིན། རྫོགས་རིམ་པས་མ་བསྒྲུབས་པར་ཡང་ཞོར་ལ་འགྲུབ་སྟེ། སམ་བུ་ཊི་ལས། རལ་གྲི་མིག་སྨན་རྐང་བྱུག་དང༌།། རིལ་བུ་ས་འོག་གནོད་སྦྱིན་མོ།། དངུལ་ཆུ་ལས་ཀྱི་རྗེས་འགྲོ་དང༌།། འཇིག་རྟེན་གསུམ་ཡོད་དངོས་གྲུབ་འགྱུར།། འདོད་པ་ལྔ་དང་ལྡན་པ་ལས།། ཀུན་ཏུ་བདག་ཉིད་ཆེན་པོར་འགྱུར།། ཞེས་དང༌། བསམ་མི་ཁྱབ་ཀྱི་གཞུང་ལས་ཀྱང༌། ཀུན་མཁྱེན་གནས་ཀྱི་སྦྱོར་བ་འདི།། བསམ་གྱིས་མི་ཁྱབ་མི་རྟོག་པ།། ཀུན་ཏུ་བཟང་པོ་ཞེས་བྱ་ལྟ།། ཡིད་བཞིན་ནོར་བུ་བཞིན་དུ་འབྱུང༌།། ས་འོག་རལ་གྲི་རིལ་བུ་དང༌།། ཤིང་ལྷམ་བུམ་པ་གནོད་སྦྱིན་མོ།། བཅུད་དང་མིག་སྨན་བཟང་པོ་ཡང༌།། རང་ཉིད་འགྲུབ་སྟེ་གཞན་དུ་མིན།། ཞེས་སོ།། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་རྫོགས་རིམ་ཁོ་ནས་འགྲུབ་པ་ལས་རྫོགས་རིམ་གྱི་ལམ་ཡིན་ངེས་འཁྲུལ་མེད་བདེན་པ་ཅན་རང་བཏགས་པ་བ་ཙམ་མ་ཡིན་པའི་དངོས་རང་དེ། རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ཡིན་པས་དངོས་གྲུབ་གཉིས་ཀའི་སྒྲུབ་ཐབས་བླ་ན་མེད་པའོ།། ཞི་སོགས་ལས་ཆེན་རྣམས་ནི་དངོས་གྲུབ་དངོས་མ་ཡིན། རྗེས་མཐུན་པ་ཙམ་པས་ཕྲ་མོ་ཞེས་གྲགས་པ་དེ་དག་ཀྱང་ཞོར་ལ་འགྲུབ་པ་ཡིན་ལ། ད་ལྟ་མི་ནོར་དར་བ་ཙམ་དང༌། ཟས་གོས་ཐན་ཐུན་བྱུང་བ་ལ་དངོས་གྲུབ་ཟེར་བ་དང༌། ཐེ་བྲང་གི་དངོས་གྲུབ། རྒྱལ་འགོང་གི་དངོས་གྲུབ་ཟེར་བ་སོགས་ནི་མི་ནག་བླུན་པོའི་ཁ་སྐད་ཙམ་ཡིན་པས་ཆོས་སྐད་ཀྱི་གསེབ་ཏུ་སྨྲ་བར་མི་བྱའོ།།

ཆོས་འདི་ལས་འཕྲལ་གྱི་འདོད་དོན་འཕྲན་བུ་དེ་ཀུན་ཡང་འབད་མེད་དུ་འབྱུང་མོད། དེ་འདྲ་ཙམ་སྨོར་རིན་ཡང་མི་ཆོག་གོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཞེས་པ་ནི། འདས་པའི་སངས་རྒྱས་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་འདི་བསྒོམས་ཏེ་མངོན་པར་རྫོགས་པར་སངས་རྒྱས། མ་བྱོན་པའི་སངས་རྒྱས་རྣམས་ཀྱང་འདི་བསྒོམས་པས་འཚང་རྒྱ་བར་འགྱུར། ད་ལྟར་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ལམ་འདི་བསྒོམ་པས་སངས་རྒྱས་པ་ཁོ་ན་ཡིན་ཞེས་པ་སྟེ། དེའི་རྒྱུ་མཚན་ཡང་བྱང་ཆུབ་སེམས་དཔའ་ཐོག་མ་ནས་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ་སྨོས་མ་དགོས། རེ་ཞིག་མདོ་ལམ་ཁོ་ན་ལ་ཞུགས་པ་རྣམས་ཀྱང་མཐར་རྫོགས་པའི་སངས་རྒྱས་ཐོབ་ཀར་སྔགས་ལ་མི་འཇུག་པའི་ཐབས་གཏན་ནས་མེད། དེ་ལྟ་བུའི་སྔགས་ལམ་དེ་ཡང་རྒྱུད་སྡེ་འོག་མ་གསུམ་གྱི་ལས་ཙམ་མམ། རྣལ་འབྱོར་བླ་མེད་ཀྱི་ལམ་བསྐྱེད་རིམ་དང་ལས་རབ་འབྱམས་སོགས་ཀྱིས་མ་ཡིན་ཏེ། རྫོགས་པའི་རིམ་པ་མཐར་ཐུག་ལ་བརྟེན་ནས། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་དགོས་པ་ལ། དེ་འདྲ་བའི་རྫོགས་རིམ་དེ་ནི་སྦྱོར་བ་ཡན་ལག་དྲུག་པ་ཁོ་ན་ལས་གཞན་དུ་མེད་པས། སངས་རྒྱས་མ་ཡིན་ན་ཕར་ཞོག ཡིན་ན་ཡིན་ཚད་ཀྱི་ལམ་དངོས་གཞི་ཉམས་ལེན་གྱི་གཙོ་བོ་རྣལ་འབྱོར་ཡན་ལག་དྲུག་པ་འདི་ཁོ་ན་ཡིན་པས་བགྲོད་པ་གཅིག་པའི་ལམ་ཞེས་བྱའོ།།

སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་པའི་ཕྱིར། རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་གཤེགས་ཤུལ་དུའང་གྲུབ་མོད། རྣམ་གྲངས་གཞན་གྱི་སྒོ་ནས་བཤད་ན། རྒྱ་སྐད་དུ་ཡོ་ག་ཞེས་བྱ་བ་དམིགས་པའི་ཡུལ་ལ་སེམས་རྩེ་གཅིག་ཏུ་སྦྱོར་བའི་ཕྱིར། མཉམ་གཞག་ཏིང་ངེ་འཛིན་གྱི་མིང་ལ་སྦྱོར་བའམ་རྣལ་འབྱོར་ཞེས་བྱ། དེ་ལྟ་བུའི་རྣལ་འབྱོར་དེ་གང་གི་རྒྱུད་ལ་ཡོད་པའི་སྐྱེས་བུ་དེ་ལ་ནི་རྣལ་འབྱོར་པ་ཞེས་བྱའོ།།

དེ་ཡང་མུ་སྟེགས་ལ་སོགས་པ་འཇིག་རྟེན་པ་དང༌། ཉན་རང་དང༌། བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་སོགས་མང་དུ་ཡོད་མོད་ཀྱང༌། དེ་དག་རྣལ་འབྱོར་པ་ཙམ་ཡིན་གྱི། རྣལ་འབྱོར་ཅན་གྱི་དབང་ཕྱུག་ནི་མ་ཡིན་པས། རྣལ་འབྱོར་ཅན་གྱི་དབང་ཕྱུག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཡིན་ཏེ། རྣལ་འབྱོར་ཅན་ཐམས་ཅད་ཀྱི་རྒྱལ་པོའམ་གཙོ་བོའམ། འཁོར་ལོས་བསྒྱུར་བ་ཉིད་ཀྱི་ཕྱིར་རོ།།

དེ་ལྟར་ཡིན་པ་ལས་སངས་རྒྱས་རྣམས་ཀྱི་བསྒོམ་བྱ་ཡིན་ཚུལ་བཤད་ཟིན། འདིར་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱི་དབང་དུ་བྱས་ནས་བཤད་ན། རྒྱལ་སྲས་ཐུ་བོ་འཕགས་པ་འཇམ་དཔལ་དང༌། སྤྱན་རས་གཟིགས་དང༌། ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སྙིང་པོ་ལ་སོགས་པས་ཀྱང༌། རྡོ་རྗེའི་རྣལ་འབྱོར་འདི་ཉིད་བསྒོམས་པར་མཛད་པ་ཡིན་ཏེ། འཇམ་དཔལ་གྱི་རང་གི་ལྟ་འདོད་མདོར་བསྟན་དང༌། སྤྱན་རས་གཟིགས་གྱི་དྲི་མེད་འོད་དང༌། ཕྱག་ན་རྡོ་རྗེའི་བདེ་མཆོག་གི་རྒྱུད་ཀྱི་འགྲེལ་བ་དང༌། རྡོ་རྗེ་སྙིང་པོའི་དགྱེས་རྡོར་གྱི་འགྲེལ་བ་རྣམས་སུ་ལམ་འདི་ཉིད་ཁོ་ན་རྒྱས་ཤིང་གསལ་བར་གསུངས་པའི་ཕྱིར་རོ།།
དེ་རྣམས་ཀྱི་དགོངས་དོན་དེ་ལྟར་དུ་གྲུབ་པས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དགོངས་དོན་དུ་གྲུབ་སྟེ། དེ་རྣམས་དགོངས་པ་གཅིག་ཅིང་ལམ་བགྲོད་པ་གཅིག་པའི་ཕྱིར་རོ།།

གཞན་ཡང་གྲུབ་ཐོབ་ཀུན་གྱི་སྤྱི་མེས། ས་ར་ཧ་ཡང་ལམ་འདི་ཁོ་ན་བཞེད་དེ། དེས་མཛད་པའི་དོ་ཧ་མཛོད་ཀྱི་གླུ་ལས། ཆོས་སྦྱོར་བ་ཡན་ལག་དྲུག་པ་ཁོ་ནའི་དབང་དུ་བྱས་པའི་ཆོས་སྐད་ཀྱིས་དབུ་ཞབས་ཐམས་ཅད་ཁྱབ་པོ།། དཔལ་ཨོ་རྒྱན་གྱི་གནས་ན་གྲུབ་ཐོབ་གཙོ་ཆེ་ཤོས་རྒྱལ་པོ་ཨིནྟྲ་བྷུ་ཏིས་ཀྱང༌། ཡེ་ཤེས་གྲུབ་པར་ལམ་ངན་པ་ཐམས་ཅད་བཀག་སྟེ། རྡོ་རྗེའི་རྣལ་འབྱོར་འདི་ཉིད་བསྟན་ཏོ།། སློབ་དཔོན་ཨཱརྱ་དེ་བས་ཀྱང་ཁུངས་སུ་ལུང་འདྲེན་པའི་དཔལ་གསང་བ་གྲུབ་པ་ཞེས་བྱ་བའི་གཞུང་སློབ་དཔོན་པདྨ་བ”་ཐོག་མས་མཛད་པ་ལས་ཀྱང༌། ཡི་གེར་འགོད་པ་དང་ཕྱག་རྒྱ་བཞིའི་དོན་གསུངས་པ་རྣམས་ནི་ཆོས་འདི་དང་དོན་གཅིག་ཅིང༌། སློབ་དཔོན་གྲུབ་ཐོག་རྟ་མཆོག་ལ་སོགས་པ་གྲུབ་ཐོབ་མང་པོའི་དགོངས་འདུས། སློབ་དཔོན་རྟོག་རྩེ་པས་ཡི་གེར་བཀོད་པ་ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་ཀྱི་གཞུང་དོན་ཡང་ལམ་འདི་ཁོ་ནར་གནས་པ་དང༌། གཞན་ཡང་གྲུབ་ཐོབ་རྣམས་ཀྱི་དོ་ཧ་རྡོ་རྗེའི་གླུ་མཐའ་ཡས་པ་ཞིག་ཀྱང༌། རྡོ་རྗེའི་རྣལ་འབྱོར་གྱི་ལམ་ཡོངས་སུ་རྫོགས་པའམ། ཆ་ཤས་སྟོན་པ་ཁོ་ན་ཤས་ཆེ་བ་ཡིན་ཅིང༌། དེར་མ་ཟད་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ་དང༌། འཕགས་པ་ལྷས་མཛད་པའི་སྤྱོད་པ་བསྡུས་པའི་སྒྲོན་མེ་ལས་ཀྱང༌། ལ་ལ་ན་མིང་འདོགས་ཐ་དད་ཙམ་མ་གཏོགས་ལམ་འདི་ཉིད་བསྟན་པ་ཡིན་ཏེ། ལུས་དབེན་ནི་སོར་བསམ། ངག་དབེན་ནི་སྲོག་རྩོལ། སེམས་དབེན་ནི་འཛིན་པ། སྒྱུ་ལུས་ནི་རྗེས་དྲན། འོད་གསལ་ནི་ཏིང་ངེ་འཛིན་ཟུང་འཇུག་ཏིང་ངེ་འཛིན་གྱི་འབྲས་བུའོ།། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་རིམ་པ་ལྔ་པ་ལས་ཀྱང༌། དོན་རྡོ་རྗེའི་རྣལ་འབྱོར་ཉིད་སྟོན་ཏེ། དེའི་རིམ་པ་ལྔ་ནི། བདག་བྱིན་བརླབ་པ་དང༌། སྣ་ཚོགས་རྡོ་རྗེ་དང༌། ནོར་བུ་འགེངས་པ་དང༌། ཛ་ལན་དྷ་ར་དང༌། བསམ་མི་ཁྱབ་ཀྱི་རིམ་པ་སྟེ་ལྔའོ།།

དེ་ལས་ས་བོན་མེད་པའི་བདག་བྱིན་བརླབ་པ་ནི། སོར་བསམ་དང༌། ས་བོན་དང་བཅས་པའི་བདག་བྱིན་བརླབ་པ་ནི་སྲོག་རྩོལ་དང༌། སྣ་ཚོགས་རྡོ་རྗེའི་རིམ་པ་ནི་འཛིན་པ་དང༌། ནོར་བུ་འགེངས་པའི་རིམ་པ་དང་ཛ་ལན་དྷ་རའི་རིམ་པ་གཉིས་རྗེས་དྲན་དང༌། བསམ་མི་ཁྱབ་ནི་ཏིང་ངེ་འཛིན་འབྲས་བུར་བཅས་པའོ།།

སློབ་དཔོན་ནག་པོ་སྤྱོད་པ་པའི་རིམ་པ་བཞི་པ་ལས་ཀྱང༌། རྒྱུད་ཀྱི་རིམ་པ་སོར་བསམ། སྔགས་ཀྱི་རིམ་པ་སྲོག་རྩོལ་དང་འཛིན་པའི་ཕྱེད་སྔ་མ། ཡེ་ཤེས་ཀྱི་རིམ་པ་འཛིན་པའི་ཕྱེད་ཕྱི་མ་དང་རྗེས་དྲན། གསང་བའི་རིམ་པ་ནི་ཏིང་ངེ་འཛིན་འབྲས་བུར་བཅས་པའོ།། དེ་བཞིན་དུ་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པས་མཛད་པའི་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ལ་སོགས་མང་པོ་ཞིག་ནི། འགའ་ཞིག་ལ་རྡོ་རྗེའི་རྣལ་འབྱོར་ཆ་ཚང་བ་དང༌། འགའ་ལས་སྐུ་རྡོ་རྗེའི་རྣལ་འབྱོར་ཙམ་དང༌། ཁ་ཅིག་ལས་གསུང་རྡོ་རྗེའི་རྣལ་འབྱོར་ཙམ་སྟོན་པ་སོགས། མདོར་ན་གྲུབ་ཐོབ་ཆེས་ཆེ་བ་རྣམས་ཀྱི་གསུང་ནི་རྡོ་རྗེ་རྣལ་འབྱོར་འདི་ཁོ་ན་ལ་གཞོལ་ཞིང་འབབ་པའི་ཕྱིར། རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་དགོངས་པ་གཅིག་པ་དང་དབྱངས་གཅིག་པ་ཡིན་ནོ།།

འོ་ན་འདུས་པ་རིམ་ལྔའི་མན་ངག་མར་འགོས་གཉིས་ལས་བརྒྱུད་པ་དང༌། བདེ་མཆོག་རིམ་བཞི་རིམ་ལྔའི་མན་ངག་ན་རོ་པ་ལས་བརྒྱུད་པ་སོགས་ལག་ལེན་ཏུ་འདེབས་པའི་མན་ངག་མང་པོ་ཞིག་ལ་དམིགས་པ་འདི་དང་མི་འདྲ་བར་འབྱུང་བར་ཅི་སྙམ་ན། གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་མཛད་པའི་རྩ་བའི་གཞུང་རྣམས་ཀྱི་ཕུགས་ཀྱི་དགོངས་དོན་ཡིན་པར་མ་ཟད། འཕྲལ་གྱི་ཚིག་དོན་ཡང་རྣམ་པར་མི་རྟོག་པའི་ལམ་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་བཞིན་སྟོན་པ་ཡིན་མོད་ཀྱང༌། ལམ་འདི་བསྒོམ་མི་ནུས་པ་དང༌། མི་མོས་པ་དང༌། རེ་ཞིག་འདི་ལ་དངོས་སུ་འཇུག་པའི་སྐལ་བ་མེད་པ་རྣམས་ལ། གཞུང་དེ་དང་དེའི་དགོངས་དོན་རྫོགས་རིམ་དངོས་དེ་མ་ཡིན་ཡང་མོས་པའི་སྒོ་ནས་ལམ་དུ་བྱེད་པའི་རྟོག་བཅས་བསྐྱེད་རིམ་ཕྲ་ཐིག་གི་རྣལ་འབྱོར་ལ་རྫོགས་རིམ་གྱི་མཚན་གསོལ་ནས་བསྟན་པ་ཡིན་ནོ།།

དེ་ལ་གོམས་ན་རིམ་གྱིས་རྫོགས་རིམ་བསྒོམ་པའི་སྐལ་བ་ཅན་དུ་འགྱུར་བའི་ཕྱིར་ཤིན་ཏུ་འབྲེལ་ཆགས་པ་ཡིན་མོད་ཀྱང༌། རྟོག་བཅས་ཀྱི་མན་ངག་དེ་དག་རང་རང་གི་གཞུང་རྩ་བ་དེ་དག་དགོངས་དོན་བསྟན་བྱའི་གཙོ་བོ་ནི་མ་ཡིན་པར་ཤེས་པར་བྱའོ།།
ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་དང་ལྡན་པའི་གང་ཟག་ཅིག་ཅེས་པའི་དོན་ནི། ཁམས་དྲུག་ནི་ས་ཁམས་ཆུ་ཁམས་མེ་ཁམས་རླུང་ཁམས་ནམ་མཁའི་ཁམས་ཡེ་ཤེས་ཀྱི་ཁམས་ཏེ་དྲུག་གོ། འདིར་གཟུགས་མེད་ཁམས་ཞེས་པ་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་ཅིང༌། གཟུགས་ནི་ཡོད་དེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཁམས་དྲུག་གི་ཆ་ཤས་ཚང་བ་ཙམ་ཡིན་མོད་ཀྱི། ཤས་ཆེར་སྤྱོད་པའི་དབང་དུ་བྱས་ནས་ཡེ་ཤེས་བཞག་པའི་ཁམས་ལྔ་པོ་ལ། གཟུགས་མེད་ཁམས་པ་ནམ་མཁའི་ཁམས་ཁོ་ན་སྟེ་གཅིག་ལྡན་དང༌། བསམ་གཏན་བཞི་པ་ལ་དེའི་སྟེང་དུ་རླུང་ཁམས་ཏེ་གཉིས་ལྡན་དང༌། གཟུགས་ཁམས་གཞན་བསམ་གཏན་གསུམ་པ་གཉིས་པ་དང་པོའི་ལྷ་རྣམས་སྔ་མའི་སྟེང་དུ་མེ་ཁམས་བསྣན་པས་གསུམ་ལྡན་དང༌། འདོད་ཁམས་ཀྱི་ལྷ་རྣམས་དེའི་ཡང་སྟེང་དུ་ཆུ་ཁམས་བསྣན་པས་བཞི་ལྡན་དང༌། མིའི་འགྲོ་བ་རྣམས་དེའི་ཡང་སྟེང་དུ་ས་ཁམས་བསྣན་པས་ཁམས་ལྔ་ལྡན་ཡིན་ལ། ཡེ་ཤེས་ཀྱི་ཁམས་ནི་ཀུན་ལ་ཁྱབ་པ་ཡིན་ཡང༌། ཁམས་གཞན་རྣམས་ཕྲ་བ་ན་ཡེ་ཤེས་ཀྱང་ཕྲ་ལ། གཞན་རྣམས་རགས་པ་ན། ཡེ་ཤེས་ཀྱང་རགས་པར་འབྱུང་བས་མི་ལུས་ལ་ཁྱབ་བྱ་ཁམས་ལྔ་སྟོབས་ཆེན་ཡོད་པ་བཞིན་དུ། ཁྱབ་བྱེད་ཡེ་ཤེས་ཀྱང་སྟོབས་ཆེ་བའི་ཕྱིར། ཁམས་དྲུག་ལྡན་པ་ཞེས་བྱ་སྟེ། དེ་ལྟར་ན་འདིར་ནམ་མཁའི་ཁམས་ཞེས་བྱ་བ། ནམ་མཁའ་དང་ནི་འགོག་པ་གཉིས། ཞེས་པ་ལྟ་བུའི་ནམ་མཁའ་དངོས་མེད་ལ་མི་འཇོག སྟོང་བའི་རྡུལ་ཞེས་བྱ་བ་རེག་ཐོགས་ཀྱི་བྱ་བ་ཆེར་མི་བྱེད་ཀྱང་རྡུལ་གྱི་ཁྱད་པར་ཡིན་ཅིང༌། དབང་པོའི་སྤྱོད་ཡུལ་ལས་འདས་པ་ཞིག་གོ།

མདོ་ལུགས་ལས་ཀྱང༌། སྐྱེས་བུ་ཁམས་དྲུག་འདུས་པ་ཞེས་པ་དང་གནད་གཅིག དེ་ལྟར་ན་སྐྱེས་བུའི་ལུས་སྤྱི་ཁྱབ་ཁམས་ལྔ་ལྡན་ཡིན་པ་ལྟར་རྟེན་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱང་ཁམས་ལྔ་ལྡན་ཡིན་ཅིང༌། ལྔ་པོ་དང་དབྱེར་མེད་དུ་འདྲེས་པའི་བརྟེན་པ་སེམས་ཀྱི་ཆོས་འགྱུར་བདེ་བག་ཆགས་དང་བཅས་པ་ནི། ཡེ་ཤེས་ཀྱི་ཁམས་ཡིན་ལ། དེ་ལྟར་ན་འབྱུང་བ་རྣམས་ཀྱི་ནང་ནས་རགས་ཤོས་ས་ཁམས་ཡིན་པས། དེའི་ཐིག་ལེ་དང་དེ་ལ་བརྟེན་པའི་འགྱུར་བདེ་ཡེ་ཤེས་ཀྱི་ཁམས་ཀྱང་ཤིན་ཏུ་རགས་པའི་ཕྱིར། ལམ་སྒོམ་པའི་གནས་སྐབས་སུ། ས་ཁམས་རགས་པ་དེ་འཆིང་བླ་ཞིང༌། རགས་པ་བཅིངས་པས་ཕྲ་བ་ཡང་རང་ཤུགས་ཀྱིས་འཆིང་བར་འགྱུར། ཐོག་མར་རགས་པ་མ་བཅིངས་ན། ཕྲ་བ་ཁོ་ན་འཆིང་བའི་ཐབས་མེད། དེས་ན་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པ་ལ་མི་འགྱུར་བའི་བདེ་བ་བསྒྲུབ་དགོས། དེ་ལ་ཞུ་བདེ་འགྱུར་མེད་གྲུབ་དགོས། དེ་གཉིས་ཀ་བྱང་ཆུབ་ཀྱི་སེམས་འཆིང་བ་ལ་རག་ལས་པས། འཆིང་བའི་སྐབས་སུ་རགས་རིམ་ནས་འཆིང་དགོས་པའི་ཕྱིར། ཁམས་དྲུག་ལྡན་གྱི་ལུས་ལ་ཡེ་ཤེས་ཀྱི་སྐུ་མཆོག་གི་དངོས་གྲུབ་ཚེ་གཅིག་ལུས་གཅིག་ལ་འགྲུབ་པ་ཡོད་པར་གསུངས་ཀྱི། གཞན་རྣམས་ལ་མ་གསུངས་སོ།། དེ་ཡང་མི་སྲིད་པ་མ་ཡིན་མོད་ཀྱང་འབྱུང་བ་ཤིན་ཏུ་དཀོན་ནོ།། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་ས་ལ་འཁྲིད་པར་བྱེད་པ་ཞེས་པ་ནི། སྔོན་གྱི་སྐྱེ་བར་གསང་སྔགས་ལ་ཞུགས་པའི་ལས་འཕྲོ་ཅན་ཚེ་འདིར་མཆོག་ཐོབ་པ་ལྟ་བུ་ནི། སྐྱེ་བ་བརྒྱུད་ནས་མཆོག་ཐོབ་པ་ཡིན་གྱི། ཚེ་གཅིག་ལ་སངས་རྒྱས་པར་མི་འགྲོ་ལ། དེར་མ་ཟད་ཚེ་རབས་སྔ་མར་མདོ་ལུགས་བརྟེན་ནས་ལམ་སྣ་ཟིན་ཅིང༌། ཐར་བ་ཆ་མཐུན་རྒྱུད་ལ་བསྐྱེད་པ་ཞིག་ཚེ་འདིར་གསང་སྔགས་བསྒོམ་པས་གྲོལ་བ་ཐོབ་ཀྱང༌། ཐར་བའི་ལམ་རྒྱུད་ལ་བསྐྱེད་ཟིན་པའི་རྗེས་སུ་འཁོར་བར་ལས་ཉོན་གྱིས་སྐྱེ་བ་གཅིག་སླར་ལེན་དགོས་བྱུང་བའི་ཕྱིར་ཚེ་གཅིག་ལ་མཆོག་གྲུབ་པ་མ་ཡིན་ནོ།།

འོ་ན་ཅི་སྙམ་ན། སྐྱེ་བ་སྔ་མར་བསོད་ནམས་ཆ་མཐུན་གྱི་དགེ་བའི་རྩ་བ་སྤྱི་དང་ཁྱད་པར་ཅན་ཆེར་བསྐྱེད་ཅིང༌། སྨོན་ལམ་ཁྱད་པར་ཅན་བཏབ་པ་ནི་དགོས་ཏེ། གཞན་དུ་ན་ཚེ་འདིར་སྔགས་ཀྱི་ཐེག་པ་ལ་མི་འཇུག་པའི་ཕྱིར་རོ།། འོན་ཀྱང་ཚེ་སྔ་མར་ཚོགས་ལམ་ཆུང་ངུ་ཙམ་ཡང་རྒྱུད་ལ་མ་སྐྱེས་པ་གཅིག་ཚེ་འདི་ལ་སྔགས་ཀྱི་སྒོར་ཞུགས་ནས་ཐར་བ་ཆ་མཐུན་གསར་དུ་བསྐྱེད་དེ། ཚེ་གཅིག་པོ་དེ་ལ་འཆི་བའི་སྲིད་པ་མ་བྱུང་བའི་སྔ་རོལ་ཉིད་ནས་མཆོག་འགྲུབ་པའི་དོན་ཏེ། རྣམ་པར་སྨིན་པའི་ལུས་འདི་བོར་བ་མེད་པར་མ་དག་པའི་ལུས་སྤངས་ཏེ་ཡེ་ཤེས་ཀྱི་ལུས་སུ་གནས་གྱུར་པ་དེ་ནི་ཚེ་གཅིག་ལ་མཆོག་གྲུབ་པའམ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའམ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པའམ། ཟུང་འཇུག་ཐོབ་པ་ཞེས་བྱ་སྟེ། འདི་སངས་རྒྱས་ཆུང་ངུའི་གནས་ཐོབ་པ་ཡིན་པས། མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཐ་སྙད་ཐོབ། དེ་ཕྱིན་ཆད་ལས་ཉོན་གྱི་དབང་གིས་སྐྱེ་འཆི་ཡེ་མེད་ཅིང༌། ཡེ་ཤེས་ཀྱི་སྐུ་དེ་ཡང་རྒྱུན་ཆད་པ་མེད་པའི་ཕྱིར། རྟེན་དེ་ལ་བརྟེན་ནས་མཐར་ཐུག་གི་རྫོགས་པའི་སངས་རྒྱས་དངོས་སམ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དོ།།

དེ་ལྟ་ན་དང་པོར་མིའི་ལུས་དང༌། ཕྱིས་སུ་ཟུང་འཇུག་གི་སྐུ་སྟེ། ལུས་གཉིས་བརྒྱུད་པའི་ཕྱིར་ཚེ་གཅིག་ལུས་གཅིག་ཏུ་མི་འགྱུར་རོ་སྙམ་ན། སྤྱིར་གོང་དུ་སྨོས་པ་ལྟར་ཟུང་འཇུག་ཐོབ་པ་ལ་ཡང་སངས་རྒྱས་པར་འཇོག་པ་དང༌། ཐུན་མོང་གི་དངོས་གྲུབ་རབ་མཐའ་ཅིག་ཐོབ་པ་ལ་ཡང་སངས་རྒྱས་པར་འཇོག་པ་སོགས་རྣམ་གཞག་དུ་མ་ཞིག་ཡོད་པས། ཆོས་སྐད་ཕྱོགས་གཅིག་ལ་ཞེན་དུ་མི་རུང་ལ། འོན་ཀྱང་འདིར་རྫོགས་པའི་སངས་རྒྱས་ཀྱི་དབང་དུ་བྱས་ན་ཡང༌། དང་པོ་ཐར་བ་ཆ་མཐུན་བསྐྱེད་པ་ནས། ཕྱིས་མཐར་ཐུག་གི་གནས་ཐོབ་ཀྱི་བར་དུ་འཆི་སྲིད་ཀྱིས་བར་མ་ཆོད་པའི་ཕྱིར་ཚེ་གཅིག་ཁོ་ན་ཡིན་པ་དང༌། སྤྱིར་ལུས་ལ་རྣམ་སྨིན་གྱི་ལུས་སྔ་ཕྱི་གཉིས་སུ་མ་ཟད་ལུས་ཇེ་བཟང་ཇེ་བཟང་དུ་འགྲོ་བའི་རྣམ་འགྱུར་དུ་མ་ཞིག་བརྒྱུད་ཡོད་ཀྱང༌། རྣམ་སྨིན་ཤ་ཁྲག་གི་ལུས་རིགས་རྒྱུན་མ་ཆད་པའི་ངང་ནས་གནས་གྱུར་བ་ཡིན་གྱི། ཤུལ་དུ་ལུས་པའི་ཚུལ་གྱིས་བོར་བ་མ་ཡིན་པའི་ཕྱིར་དང༌། རྣམ་སྨིན་གྱི་ལུས་གཉིས་པ་གསར་དུ་བླངས་པ་མེད་པའི་ཕྱིར་ལུས་གཅིག་ཁོ་ནར་བརྗོད་དོ།། དོན་དམ་པར་ན་ཡེ་ཤེས་ཀྱི་ལུས་ནི། གཉུག་མའི་ལུས་ཡིན་པའི་ཕྱིར། རྣམ་སྨིན་ཟད་པ་ན་དེ་གསལ་བར་མཐོང་བ་ཙམ་ཡིན་གྱི། གསར་དུ་ལུས་བླངས་པ་ཁོ་ན་ཡང་མིན་ཞིང༌། ཡེ་ཤེས་ཀྱི་སྐུ་དེ་ནི་ལུས་རང་ཡང་མིན་པས། ལུས་གཅིག་དང་དུ་མའི་ཐ་སྙད་འཇོག་པའི་གཞི་ཡང་མ་ཡིན་ནོ།།
གང་དག་སངས་རྒྱས་ཀྱི་ཡེ་ཤེས་མངོན་འགྱུར་བ་ཐོབ་ཀྱང༌། མི་གཙང་བའི་ལུས་གནས་མ་གྱུར་པར་འདོད་པ་དང༌། ཤ་ཁྲག་གི་ལུས་འདི་ཀ་ཡེ་ཤེས་ཀྱི་སྐུར་འདོད་པ་སོགས་ནི། གཏི་མུག་གིས་ཀུན་ནས་བསླངས་ཤིང་རྒྱུད་འགྲེལ་ཆེན་པོ་རྣམས་ལས་བཀག་མོད་ཀྱང༌། དགག་སྒྲུབ་ཀྱི་སྤྲོས་པ་འདིར་མི་འཆད་དོ།། ཉེ་ལམ་མྱུར་ལམ་ཁྱད་པར་ཅན་ཞེས་པ་ནི། དེང་སང་འགའ་ཞིག་གིས་སྐྱེ་བོ་རྨོངས་པ་རྣམས་མགུ་བར་བྱ་བའི་ཕྱིར། གོ་བ་ཙམ་གྱིས་གྲོལ། ཐོས་པ་ཙམ་གྱིས་གྲོལ་ཞེས་སོགས་ཟབ་ཟབ་མང་པོ་སྨྲ་བ་ནི། ཚིག་གི་ཤུགས་བསྐྱེད་པ་ཙམ་ཁོ་ནར་ཟད་ལ། སེམས་ནམ་མཁའ་ལ་ཡས་པ་དང༌། ད་ནི་ཐོད་པ་མི་འགེལ་ལ། སྐྱེ་བ་མི་ལེན་པ་ཙམ་ལ་སངས་རྒྱས་ཐོབ་པའི་དོན་དུ་སྨྲ་བ་སོགས་ནི་བླུན་གཏམ་ཁོ་ན་ཡིན་པས་མཁས་པའི་དཔྱད་གཞིར་ཡང་མི་རུང་ངོ༌།།
དེ་ན་ཉན་རང་གི་ལམ་ཁོ་ནས་སངས་རྒྱས་མི་ཐོབ་ཅིང༌། ཕར་ཕྱིན་ཐེག་པར་བསྐལ་པ་གྲངས་མེད་གསུམ་དང༌། རྒྱུད་སྡེ་འོག་མ་རྣམས་ལ་ཡང་བསྐལ་པ་བརྒྱད་དང་གསུམ་དང་སྐྱེ་བ་བཅུ་དྲུག་སོགས་གསུངས་པ་རྣམས་རིང་ལམ་དང༌། ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡང་བླ་མེད་ཀྱི་ལམ་ལས་ཀྱང་བསྐྱེད་རིམ་ལ་འཆད་རྒྱུ་མ་ཡིན་པས། རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ཉེ་ལམ་མྱུར་ལམ་ཡིན་ནོ།། རྒྱུད་ཀྱི་རྒྱལ་པོ་གཞན་དུ་མ་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་ཤིང་གསང་བའི་དོན། མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོར་མ་སྦས་པར་གསལ་བར་བསྟན་པ་ཞེས་པ་ནི། དེ་ལ་རྒྱུད་སྡེ་སོ་སོའི་རྩ་རྒྱུད་ཅེས་པ་ལ། རྩ་རྒྱུད་བཤད་རྒྱུད་གཉིས་ཀྱིས་ཟླས་ཕྱེ་བའི་རྩ་རྒྱུད་དང༌། རྩ་རྒྱུད་བསྡུས་རྒྱུད་གཉིས་ཀྱིས་ཟླས་ཕྱེ་བའི་རྩ་རྒྱུད་གཉིས་ཡོད་པ་ལས། ཕྱི་མའི་དབང་དུ་བྱས་ཏེ། གསང་འདུས་ཀྱི་རྩ་རྒྱུད་རྒྱས་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྒྱས་པ་རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་དང༌། སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་དང༌། དགྱེས་རྡོར་འབུམ་ཕྲག་ལྔ་པ་དང༌། འཁོར་ལོ་བདེ་མཆོག་མངོན་བརྗོད་འབུམ་པ་ལ་སོགས་པ་རྩ་རྒྱུད་རྒྱས་པ་དེ་རྣམས་སུ་རྡོ་རྗེའི་རྣལ་འབྱོར་འདི་མ་སྦས་པར་རྒྱས་ཤིང་གསལ་པོར་བསྟན་མོད་ཀྱང༌། དེ་དག་ཤམ་བྷ་ལ་སོགས་རྡོ་རྗེའི་གནས་ཁྱད་པར་ཅན་དང༌། དཔའ་བོ་མཁའ་འགྲོ་མའམ། ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱི་གནས་ན་བཞུགས་པ་ཡིན་གྱི། འཛམ་གླིང་ལྷོ་ཕྱོགས་འདིར་མི་རྣམས་ལ་ཐུན་མོང་དུ་སྤྱོད་པའི་ཡུལ་དུ་མ་གྱུར་བས། རེ་ཞིག་བོར་ཏེ་བསྡུས་རྒྱུད་ཀྱི་དབང་དུ་བྱས་ནས། གསང་བ་འདུས་པ་སྟོང་བཞི་བརྒྱ་པ་དང༌། འཁོར་ལོ་བདེ་མཆོག་ལེའུ་ལྔ་བཅུ་རྩ་གཅིག་པ་དང༌། དགྱེས་རྡོར་བརྟག་པ་གཉིས་པ་སོགས། རྒྱ་གར་དང་བོད་ལ་སོགས་པ་འཛམ་གླིང་ལྷོ་ཕྱོགས་ཀྱི་ཡུལ་ཀུན་ཏུ་དར་བ། བསྡུས་རྒྱུད་འདི་དག་ཏུ་དབང་བཞི་པའི་དོན་རྡོ་རྗེའི་རྣལ་འབྱོར་འདི། རྡོ་རྗེའི་ཚིག་གིས་རྒྱས་བཏབ་ཅིང་སྦས་པ་ཡིན་ལ། དུས་འཁོར་ལ་ནི་རྩ་རྒྱུད་རྒྱས་པ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་གསལ་ལ་རྒྱས་པར་བསྟན་པ་བཞིན་དུ། དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་དུ་ཡང་མ་སྦས་པར་གསལ་བར་བསྟན་པའི་ཕྱིར། བསྡུས་རྒྱུད་གཞན་དང་མི་འདྲའོ།།

ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའམ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ཞེས་པ་རྒྱུད་གཞུང་རྣམས་ལས་ཀྱང་དོན་དུ་མ་ལ་བཤད་ཅིང༌། རྒྱ་བོད་ཀྱི་ལུགས་སྲོལ་ཐ་དད་ལ། རང་བློའི་ལམ་ལས་དྲངས་བའི་འདོད་ཚུལ་མང་ཞིང༌། སྒྲུབ་བྱེད་དུ་འདོད་པའི་སྨྲ་བའང་མང་མོད་ཀྱི། གཞན་རྣམས་སྐབས་ཀྱི་དོན་མ་ཡིན་པས། འདིར་ནི་ཐེག་པ་བླ་ན་མེད་པའི་ལམ་གྱི་ནང་ནས་ཀྱང༌། རྫོགས་རིམ་གྱི་ཕྱག་ཆེན་དེ་ཡིན་ལ། དེ་ལའང་འདོད་ཚུལ་མང་པོ་ཡོད་པ་དག་བཤད་ཀྱི་མི་ལང་བས། སྐབས་འདིར་དཔལ་དུས་ཀྱི་འཁོར་ལོ་དང་སེམས་འགྲེལ་སྐོར་གསུམ་གྱི་དགོངས་པས། རྣམ་པར་མི་རྟོག་པ་མཚན་མ་མེད་པའི་རིམ་པ་ལས། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་སྒོམ་པ་ཉིད་ལམ་གྱི་རྐང་དུ་བྱས་ཏེ། གཞན་ཕྱག་རྒྱ་གསུམ་ལྟར་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་སམ། བཞི་ལྟར་ན་ལས་དང་ཆོས་དང་དམ་ཚིག་སྟེ། ཕྱག་རྒྱ་གསུམ་གྱི་ལམ་དེ་རྣམས་གང་དང་གང་སྐབས་སུ་བབ་པ་དེ་དང་དེར་ལམ་དངོས་གཞིའི་བོགས་འབྱུང་བའི་བོགས་འདོན་ནམ། ལམ་གྱི་སྣ་འཁྲིད་པའི་ཕྱིར་དུ་སྦྱོར་བ་ཡིན་ནོ།།

སྐབས་འདིར་ཕྱག་ཆེན་གྱི་རྣམ་གཞག་ཞིབ་མོར་གོ་དགོས་ཀྱང་གཞན་ལ་འཆད་མི་དགོས་པའི་དབང་དུ་བྱས་ནས་བཞག་གོ། ཡང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་གཟུགས། ཆོས་ཉིད་དོན་དམ་པའི་སངས་རྒྱས་རྡོ་རྗེ་འཛིན་ཆེན་པོའི་སྐུ་རྡོ་རྗེའི་རྣམ་ཆ་མཐོང་པ་དང༌། གསུང་རྡོ་རྗེ་ཉམས་སུ་མྱོང་བར་བྱེད་པ་དང༌། ཐུགས་རྡོ་རྗེ་དང༌། ཡེ་ཤེས་རྡོ་རྗེར་རང་ཉིད་ཞུགས་པའི་སྒོ་ནས་གདོད་མའི་རྡོ་རྗེ་བཞི་པོ་དེ། སྒྲུབ་པ་པོས་མངོན་དུ་བྱེད་པའི་ཐབས་ཡིན་པའི་ཕྱིར། རྡོ་རྗེའི་རྣལ་འབྱོར་ཞེས་བྱ་ལ། དེ་ཡང་མངོན་སུམ་ལམ་བྱེད་ཡིན་གྱི་མོས་པ་ལམ་བྱེད་ཙམ་མ་ཡིན་ནོ།།

དམིགས་བཅས་དང་འབྲེལ་བའི་སྔགས་ཀྱི་ལམ་གཞན་རྣམས་ཀྱང་ཡེ་ཤེས་ཀྱི་སྣ་འདྲེན་པར་བྱེད་པ་སོགས་སྤྱིར་ཐབས་མི་ཟབ་པ་ཏ་མ་ཡིན་ཞིང༌། ཐེག་པ་འོག་མ་རྣམས་ལས་ཐབས་ཀྱི་སྒོ་ནས་ཤིན་ཏུ་ཟབ་པར་ཡང་གྲུབ་མོད་ཀྱང༌། མངོན་སུམ་ལམ་བྱེད་རྡོ་རྗེའི་རྣལ་འབྱོར་འདི་ལ་བལྟོས་ན་དེ་དག་མི་ཟབ་སྟེ། དང་པོར་ཉམས་མྱོང་སྐྱེ་བ་ཡང་ཤིན་ཏུ་བུལ་བ་དང༌། ཕྱི་ནང་གི་སྤྲོས་པ་ལ་བརྟེན་པའི་ཕྱིར་དང༌། ཡུན་རིང་དུ་གོམས་ཀྱང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་མི་ནུས་པར། སླར་ཡང་རྡོ་རྗེའི་རྣལ་འབྱོར་འདི་ལ་འཇུག་དགོས་པ་སོགས་ཀྱི་ཕྱིར། ལམ་གཞན་རྣམས་མི་ཟབ་ལ་འདི་ཆེས་ཟབ་པར་གྲུབ་པས་ཟབ་ལམ་ཞེས་བྱའོ།།

དེ་ལ་ཆོས་ཟབ་མོ་འདི་ཉིད་སྟོན་པར་བྱེད་པ་ལ་འཕགས་ཡུལ་ལ་སོགས་པར་བླ་མ་དམ་པའི་མན་ངག་ཅེས་སམ། ཞལ་གྱི་གདམས་པ་ཞེས་པའམ། དེ་ཁོ་ན་ཉིད་སྦྱིན་པ་ཞེས་བྱ་ལ། བླ་མ་མཆོག་གི་ཞལ་ལུང་ཞེས་ཀྱང་གྲགས་ཀྱི། འཁྲིད་ཅེས་པའི་ཐ་སྙད་མེད་ཀྱང་བོད་ཡུལ་འདིར་འཁྲིད་ཅེས་གྲགས་སོ།། དེ་ཡང་སྐྱེས་བུ་དམ་པ་རྣམས་ཀྱིས་མཛད་པའི་བརྡ་ཆད་ཡིན་ཞིང་དོན་དང་ཡང་ཤིན་ཏུ་མཐུན་ཏེ། ཐར་བའི་ལམ་དུ་འཁྲིད་པར་བྱེད་པའི་ཐབས་ཡིན་པས་སོ།། དེ་ཡང་དོན་བཞི་སྟེ། གང་འཁྲིད་ན་སྐབས་སུ་བབ་པ་རྡོ་རྗེ་སློབ་མའི་སེམས་རྒྱུད་འཁྲིད་པར་བྱེད། གང་དུ་འཁྲིད་པར་བྱེད་ན་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ་རྫོགས་པའི་སངས་རྒྱས་ཀྱི་སར་འཁྲིད། གང་གིས་འཁྲིད་པར་བྱེད་ན་བླ་མ་དམ་པས་འཁྲིད་པར་བྱེད་དེ། དེ་ཡང་རྒྱུད་རྣམས་ལས་བླ་མའི་མཚན་ཉིད་མཐའ་ཡས་པ་ཞིག་བཤད་ཀྱང༌། རྫོགས་རིམ་གྱི་ཡེ་ཤེས་བསྐྱེད་པར་གྱུར་བའི་བདག་རྐྱེན་ནི། རྒྱུད་ཀྱི་རྒྱལ་བོ་ལས། སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ།། ཞེས་གསུངས་པ་འདི་རྣམ་པ་ཀུན་ཏུ་དགོས་པའི་མེད་མི་རུང་ཡིན། མཚན་ཉིད་གཞན་རྣམས་ཚོགས་ན་ནི་ལེགས་ལ། མ་ཚང་ཡང་འདི་ངེས་པར་དགོས་སོ།།
དེའི་དོན་ཡང༌། སངས་རྒྱས་ཀྱི་ཞལ་ཞེས་པ་སངས་རྒྱས་འབྱུང་བའི་སྒོ་སྟེ། རྡོ་རྗེའི་རྣལ་འབྱོར་ཟུང་འཇུག་གི་ལམ་འདི་ཡིན་ལ། དེ་འདྲ་ཐུགས་ལ་འཁྲུངས་པར་ཐུགས་རྒྱུད་ལ་གནས་ཤིང༌། ཞལ་ལ་གནས་པ་སྟེ་ཆོས་ཟབ་མོ་འདི་སློབ་མའི་སེམས་རྒྱུད་ལ་འགོད་པའི་ཕྱིར། ཆོས་སྟོན་པ་ལ་མཁས་པའོ།། དེ་ལྟར་ན་ཡན་ལག་དྲུག་གི་མན་ངག་རྣམས་ལ་རང་བྱན་ཆུད་ཅིང༌། སློབ་མ་རྗེས་སུ་འཛིན་པའི་བརྩེ་བ་ཁྱད་པར་ཅན་མངའ་བ་དང༌། ལམ་འདི་ཉིད་བསྒོམས་པས་ཉམས་རྟོགས་མ་འཁྲུལ་བ་གཉིས་འཛོམས་པའོ།།

ཉམས་རྟོགས་ཀྱང་རབ་ཏུ་རིམ་པ་དྲུག་ཀ་ཐོབ་ན་སྨོས་མ་དགོས་ཀྱང༌། ད་ལྟ་རྙེད་པར་དཀའ། འབྲིང་དུ་ན་ཐོག་མར་དགེ་བའི་རྟོགས་པ་མཐར་ཕྱིན། བར་དགེའི་རྟོགས་པ་རྗེས་མཐུན་པ་མངའ་བ་ཞིག་དགོས། ཆུང་ངུ་ལ་ཡང་སོར་སྡུད་ཕྱིན་ཅི་མ་ལོག་པ་ཐོབ་ཅིང༌། བསམ་གཏན་གྱི་ཉམས་མྱོང་ཅི་རིགས་པ་མངའ་ན། ལམ་འདིའི་རྩ་བ་ཚུགས་པ་ཡིན་པས་དེ་ཙམ་གྱིས་ཀྱང་རུང་ངོ༌།། ཚུལ་ཇི་ལྟར་འཁྲིད་པ་ནི།། ཡིད་ཆེས་གསུམ་དང་ལྡན་པའི་ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་སྒོ་ནས་འཁྲིད་པ་ཡིན་ཏེ། དཔལ་དྲི་མེད་འོད་ལས། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ལ་ཡིད་ཆེས་པ་དང༌། དེ་ནས་བླ་མ་ལ་ཡིད་ཆེས་པ་དང༌། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ། ཡིད་ཆེས་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ།།

རྣམ་པ་གཞན་དུ་ན་ཡིད་ཆེས་པ་གསུམ་མེད་པར། ལམ་གང་བླ་མས་སློབ་མ་ལ་བསྟན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་མི་འགྱུར་ཏེ། སློབ་མ་བླུན་པའི་དད་པ་ཉིད་ཀྱི་ཕྱིར། ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུར་འགྱུར་རོ།། ཞེས་གསུངས་ཏེ། དེའི་དོན་ནི་ཡིད་ཆེས་གསུམ་ལྡན་གྱི་ལམ་དང་འཕྲད་ན། སྐལ་ལྡན་གྱི་གང་ཟག་གཅིག་ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཡིན། དེ་ཡང་རྒྱུད་ལ་ཡིད་ཆེས་ཙམ་ཡོད་ཀྱང༌། བླ་མ་ལ་ཡིད་ཆེས་མེད་ན་མ་འོངས་པ་ཡུན་རིང་པོ་ལོན་པའི་འོག་ཏུ་སྐྱེ་བ་གཞན་ཞིག་ལ་སངས་རྒྱས་ཐོབ་པར་འགྱུར་བའི་རྒྱུ་ཙམ་ཡིན་མོད་ཀྱང༌། འཕྲལ་དུ་ཉམས་མྱོང་མི་སྐྱེ་བས་ཚེ་འདི་ལ་མཆོག་ཐོབ་པར་མི་ནུས་སོ།། རྒྱུད་ལ་ཡིད་ཆེས་པ་མེད་ན་ནི།། བླ་མ་ལ་ཡིད་ཆེས་པ་མཚན་ཉིད་དང་ལྡན་པའང་མི་འབྱུང་ལ། སློབ་དཔོན་དེ་ལ་ཡིད་ཆེས་འདྲ་རུང་བ་འཕྲལ་གྱི་མྱོང་བས་གྲུབ་པ་ཐན་ཐུན་ཡོད་དུ་ཆུགས་ཀྱང༌། ཡང་དག་པའི་ལམ་ལ་ཡིད་ཆེས་པའི་རྟགས་མ་ཡིན་ཏེ། ལས་ཚོགས་ཐན་ཐུན་དང་རྫོགས་རིམ་ལྟར་སྣང་གི་ཉམས་ཐན་ཐུན་ཙམ་སྐྱེ་སྲིད་ཀྱང་ཡང་དག་པའི་ལམ་དུ་མི་འགྱུར། ཞེས་པའོ།།

དེ་ལ་ཡིད་ཆེས་གསུམ་དང་བྲལ་བ་ཁ་ཅིག་ནི། བླུན་པོ་རང་གཟོ་མཁན་གྱི་ཟོག་ཆོས་དང༌། རྟོག་གེ་པ་མཁས་འདོད་ཅན་གྱི་བློས་བཏགས་ཙམ་ཡིན་པས། དགོས་པ་ཐམས་ཅད་ཀྱིས་སྟོང་ལ། ཁ་ཅིག་ནི་དེ་བས་ཀྱང་ཐུ་སྟེ་ནག་ཕྱོགས་ཀྱི་འདྲེ་གདོན་འགའ་ཞིག་གིས་བྱས་པས། འཕྲལ་གྱི་བྱིན་རླབས་ལྟར་སྣང་གིས་མགོ་བསྐོར་ཏེ། བསོད་ནམས་དམན་པ་དག་དེ་ལ་ཡིད་ཆེས་སྐྱེ་ན། ཚེ་འདིར་བཀྲ་མི་ཤིས་ཤིང༌། ཕྱི་མ་ངན་སོང་དུ་འཁྲིད། གཞན་ཁ་ཅིག་གིས་རྒྱལ་བས་གསུངས་བའི་ཆོས་རྣམ་དག་ཡིན་དུ་ཆུགས་ཀྱང༌། བར་སྐབས་སུ་བྱིན་རླབས་ཀྱི་བརྒྱུད་པ་ཆད་པས། དེ་ལྟར་ཉམས་མྱོང་འཕྲལ་དུ་སྐྱེད་མི་ནུས་ཏེ། བརྒྱུད་པ་གཏན་ནས་མེད་ན། གསང་སྔགས་རང་ཉིད་ལེན་པ་དམྱལ་བའི་རྒྱུར་གྲགས་པ་དང༌། ཚིག་བཤད་དང་ལག་ལེན་ཁྲིགས་བཀོད་ཙམ་གྱི་དབང་ཆོག་ལ་རྒྱུན་ཡོད་དུ་ཆུག་ཀྱང༌། ཉམས་ལེན་གྱི་རྒྱུན་ཆད་ཅིང་བྱིན་རླབས་ཡལ་བ་རྣམས་ནི་གཟུགས་བརྙན་ཙམ་མོ།།
ཡང་ཁ་ཅིག་སྤྱིར་ཆོས་རྣམ་དག་ཡིན་ཞིང་བྱིན་རླབས་ཀྱང་མ་ཆད་མོད་ཀྱི། བསྐྱེད་རིམ་དངོས་སམ། ཕྲ་ཐིག་ལ་རྫོགས་རིམ་དུ་མིང་དུ་བཏགས་པ་དང༌། སྟོང་རྐྱང་བསྒོམ་པ་ལ་རྫོགས་རིམ་གྱི་མིང་བཏགས་པ་རྣམས་ཀྱིས་འཕྲལ་དུ་ཡིད་ཆེས་ཀྱི་རྟགས་མེད་ཅིང༌། དབང་པོ་རྣོན་པོས་བསྒོམས་ཀྱང་ཚེ་འདིར་མཆོག་མི་ཐོབ་སྟེ། སངས་རྒྱས་སྒྲུབ་པའི་ལམ་མ་ཚང་བའི་ཕྱིར་རོ།། འོན་ཀྱང་དེ་དག་གི་ནང་ན་འཇིག་རྟེན་པའི་དངོས་གྲུབ་ཐོབ་པ་ཙམ་ནི་སྲིད་དོ།། ཡིད་ཆེས་གསུམ་དང་ལྡན་པར་གྱུར་ན་ནི། ལམ་ཡོངས་སུ་དག་པར་འགྱུར་རོ་ཞེས་སངས་རྒྱས་སྒྲུབ་པའི་ལམ་ཆ་ཚང་ལ་མ་ནོར་བ་ཡིན་པའི་དོན་ནོ།། དེ་ལས་རྒྱུད་ལ་ཡིད་ཆེས་པ་ནི། ཆོས་དེ་སངས་རྒྱས་ཀྱིས་རྒྱུད་ལས་གསལ་བར་གསུངས་པ་ཞིག་དགོས་པ་ཡིན་ན། རྡོ་རྗེའི་རྣལ་འབྱོར་འདི་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཚང་ཞིང་གསལ་བར་གསུངས་པ་དང༌། འཁོར་ལོ་སྡོམ་པ་རྩ་རྒྱུད་ལས། སྔགས་བཟླས་པ་དང་བསམ་གཏན་དང༌། བདེ་བས་ཀྱང་ནི་འགྲུབ་པར་འགྱུར། ཞེས་བསམ་གཏན་འཛིན་པ་ཏིང་ངེ་འཛིན་ཏེ་འབྲས་བུའི་ཡན་ལག་གསུམ་གསལ་བར་གསུངས་པ་བས། རྒྱུའི་ཡན་ལག་གསུམ་ཤུགས་ལ་གོ་བ་དང༌། དགྱེས་རྡོར་རྩ་རྒྱུད་ལས། སོ་སོའི་མཚན་ཉིད་བརྡའི་ཐབས་ཀྱིས་གསུངས་ནས། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། ཞེས་སོགས་སྦྱོར་དྲུག་ཡིན་པར་གསུངས་པ་དང༌། དེ་བཞིན་དུ་མཁའ་འགྲོ་རྒྱ་མཚོ་ལས་ཀྱང༌། སོ་སོར་སྡུད་དང་དེ་བཞིན་དུ།། བསམ་གཏན་སྲོག་རྩོལ་འཛིན་པ་དང༌།། རྗེས་སུ་དྲན་དང་ཏིང་ངེ་འཛིན།། སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ། ཞེས་སོགས་གསུངས། གཞན་ཡང་རྒྱུད་ཀྱི་རྒྱལ་པོ་ཕལ་ཆེར་ལས། རྡོ་རྗེའི་རྣལ་འབྱོར་འདི་ཅི་རིགས་པར་གསུངས་པ་ཁོ་ན་ཡིན་ཞིང༌། ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་ཤིན་ཏུ་རྒྱས་ཤིང་གསལ་བ་མཐའ་གཅོད་དང་བཅས་པས་ཡང་ནས་ཡང་དུ་བསྟན་ཅིང༌། རྩ་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན་དང༌། སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་སྙིང་པོ་འཇམ་དཔལ་མཚན་བརྗོད་སོགས་ལས་ཀྱང་ལམ་འདི་ཁོ་ན་སྟོན་པ་དང༌། བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་གྱིས་ཀྱང་རྒྱས་པར་བསྟན་པ་ཡིན་ནོ།། གཉིས་པ་བླ་མ་ལ་ཡིད་ཆེས་པ་ནི། བརྒྱུད་པའི་ཐུག་ས་སངས་རྒྱས་ཉིད་ནས་བརྩམས་ཏེ། རྩ་བའི་བླ་མའི་བར་དུ་གཅིག་ནས་གཅིག་ཏུ་བརྒྱུད་པ། བྱིན་རླབས་མ་ཉམས་ཤིང་ཉམས་མྱོང་རྒྱུན་མ་ཆད་པ་ཞིག་ལ་ཟེར་ཏེ། ཚིག་རྐྱང་དང༌། དམ་ཉམས་དང༌། འདྲེས་ཁྱེར་གྱི་ལྷད་མ་ཞུགས་པ་ཞིག་དགོས་སོ།། དེ་ཡང་དངོས་སམ་བརྒྱུད་པའི་བླ་མ་ཞིག་ལ། བདུད་ཀྱི་བར་ཆད་ཞུགས་པའམ་འདྲེས་ཁྱེར་ན། དེ་ལས་བརྒྱུད་པའི་ཆོས་དེ་བསྒོམ་པ་ཀུན་ལའང་བར་ཆད་ཚན་ཆེ་བ་རེ་ངེས་པར་འོང་བ་ཡིན། བླ་མའི་མིང་ཅན་བརྒྱུད་པ་ལ་དམ་སེལ་ཡོད་པ་ཅིག་བྱུང་ན། དེ་ནས་བརྒྱུད་པའི་ཆོས་བསྒོམ་ཀྱང་ཡོན་ཏན་མི་སྐྱེ། ཉོན་མོངས་ལྡང༌། འབྲེལ་བ་ཅན་ཐམས་ཅད་ལ་བཀྲ་མི་ཤིས་སོ།།

དེ་དག་མ་ཡིན་ཡང་ཚིག་བརྒྱུད་རྐྱང་པ་ལ་ཤོར་ན། དེ་ཞུས་ནས་བསྒོམས་ཀྱང་ཉམས་མྱོང་སྐྱེ་དུས་མེད། བསྒོམ་མ་བསྒོམ་མེད་པ་འདྲ་བ་འོང༌། རྫུན་ཆུང་ན་བླ་མ་དེ་ན་རེ། དཔེ་ཆ་འདིའི་ནང་ན་ནི་དེ་ཙུག་གདའ། ང་ལ་ནི་ཡོད་མ་མྱོང་ངོ་ཟེར། འགའ་ཞིག་རྫུན་པོ་ཆེ་ཡིན་ན། སློབ་མ་བསླུ་བའི་ཕྱིར། ཉམས་མྱོང་འདྲ་ཡོད་སྐད་བྱེད་པའང་འོང༌། འགའ་ཞིག་གནས་སྐབས་ཀྱི་མན་ངག་ལག་ལེན་ཕྲན་བུ་ལའང་རྡུགས་ཏེ་འདི་བྱ་འདི་བྱེད་མེད་པའི་རིགས་ཀྱང་འོང་བས། དེ་དག་ནི་བླ་མ་ལ་ཡིད་ཆེས་པའི་མི་མཐུན་ཕྱོགས་ཡིན། དེ་ལ་ཆོས་འདི་ནི་ད་ལྟའི་བར་དུ་བྱིན་རླབས་ཀྱི་རྒྱུན་མ་ཆད། གདམས་ངག་གི་ལག་ལེན་མ་ནུབ། ཉམས་མྱོང་གི་ཡོན་ཏན་སྐྱེ་བཞིན་པ་ཡིན་ཏེ། ད་ལྟའི་བར་གྱི་རྡོ་རྗེ་སློབ་དཔོན་རྣམས་ལའང༌། སོར་སྡུད་ཀྱི་ཉམས་མྱོང་ཕྱིན་ཅི་མ་ལོག་པ་དངོས་དང༌། སྲོག་རྩོལ་དང་རྗེས་དྲན་མཐུན་པ་ཐུགས་ལ་འཁྲུངས་པ་མང་པོ་དངོས་སུ་ཡོད། རྒྱུའི་ཡན་ལག་གསུམ་གྱི་ལག་ལེན་དང་ཉམས་མྱོང་མ་ནོར་བར་ཡོད་པའི་ཕྱིར། འབྲས་བའི་ཡན་ལག་གསུམ་ད་ལྟ་དངོས་སུ་མ་ཐོབ་ཀྱང༌། ཕྱིས་ཀྱི་རྟེན་འབྲེལ་བསླུ་མེད་དུ་འགྲིག་པ་ཡིན་ནོ།། དེ་ལྟར་ན་ཆོས་འདི་ནི་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་པའི་སྟོབས་ཀྱིས་བོད་ཡུལ་འདིར་ཡང་ལོ་ཙཱ་བ་ཆེན་པོ་དུ་མས་སྤྱན་དྲངས་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་རྩ་འགྲེལ་ལ། ལོ་པཎ་སྡེབས་པའི་འགྱུར་མི་འདྲ་བ་བཅུ་དྲུག་ནི་ངེས་པར་ཡོད་ལ། ཤོང་འགྱུར་སོགས་བོད་ཡུལ་ཉིད་དུ་འགྱུར་བཅོས་བྱས་པའང་མང་དུ་ཡོད་པས། སྤྱིར་འགྱུར་གྱི་རྣམ་གྲངས་ཉི་ཤུ་རྩ་བཞི་ཙམ་ཡོད་པར་གྲགས་ན། དེ་ཐམས་ཅད་ལ་ཡང་རྡོ་རྗེའི་རྣལ་འབྱོར་གྱི་མན་ངག་རེ་ཡོད་དགོས་ཤིང༌། དེ་དག་ལ་མ་གཏོགས་པའི་ལོ་པཎ་གཞན་འགའ་ཞིག་དུས་འཁོར་གྱི་དབང་དང་རྒྱུད་བཤད་མ་མཛད་ཀྱང༌། རྡོ་རྗེའི་རྣལ་འབྱོར་གྱི་མན་ངག་མ་ནོར་བར་ཡོད་པའང་མང་དུ་བྱུང་བས། སྤྱིར་ན་སྦྱོར་དྲུག་གི་མན་ངག་ལ་རྣམ་གྲངས་ཤིན་ཏུ་མང་བ་ཞིག་བྱུང་ནའང༌། རིགས་ལྡན་སྤྲུལ་པའི་སྐུ་ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས་ཀྱི་ཞལ་སྔ་ནས། སྦྱོར་བ་ཡན་ལག་དྲུག་པའི་མན་ངག་བཀའ་ཡོད་ཅིང༌། ལྷད་མེད་པ་རིགས་མི་འདྲ་བ་བཅུ་བདུན་གསན་ཞིང༌། ལམ་གྱི་ངོ་བོ་ལ་ཁྱད་མེད་ཀྱང་གདམས་པ་སོ་སོའི་ཆེ་བར་དགོངས་ཏེ། རེ་རེ་བཞིན་ཉམས་ཁྲིད་དུ་ཉམས་སུ་བཞེས་ཏེ་གདམས་ངག་དང་མཐུན་པའི་ཉམས་མྱོང་སྐུ་ཉམས་སུ་བསྟར་བར་མཛད་དོ།།

དེ་ལ་སྦྱོར་དྲུག་ལུགས་སྲོལ་བཅུ་བདུན་ནི། ལོ་ཙཱ་བ་ཆེན་པོ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་སྦྱོར་དྲུག་གི་མན་ངག སྦྱོར་དྲུག་གི་སྒོས་ཀྱི་རྒྱུད་ཆུང་འགྲེལ་བ་དང་བཅས་པ་དང༌། ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱི་ལུགས་ཀྱི་སྦྱོར་དྲུག་དང༌། ཁྲོམ་ལོ་ཙཱ་བ་པདྨ་འོད་ཟེར་གྱི་སྦྱོར་དྲུག་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བླ་མ་ནག་པོ་མངོན་ཤེས་ཅན་ལ་གསན་པའི་སྦྱོར་དྲུག་དང༌། ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོ་ནས་བརྒྱུད་པའི་སྦྱོར་དྲུག་ལ་འབྲོ་ལུགས་སུ་གྲགས་པའི་སྦྱོར་དྲུག་དང༌། རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་པབྱྜི་ཏ་ས་མནྟ་ཤྲིའ་ལ་གསན་པའི་སྦྱོར་དྲུག་དང༌། ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱིས་མཛད་པའི་སྦྱོར་འཕྲེང་གི་ལུགས། སེ་ལོ་དང་གཉོས་སྟོན་འོད་མ་ནས་བརྒྱུད་པ་འདི་ལ་ཙ་མི་ལུགས་རང་དུ་གྲགས་པ་དང༌། རས་ཆུང་རྡོ་རྗེ་གྲགས་པས་ཨ་མོ་གྷ་བ”་ལ་གསན་པའི་སྦྱོར་དྲུག་དང༌། ཙ་མི་ནས་བརྒྱུད་པ་ཡིན་ཡང༌། སྦྱོར་འཕྲེང་ལུགས་དང་མི་གཅིག་པ་དཔལ་ཆེན་རྒ་ལོ་ནས་བརྒྱུད་པ་ལུགས་གསུམ་སྟེ། རྒ་ལོས་དུས་འཁོར་རང་ལུགས་ཀྱི་སྦྱོར་དྲུག་ཞང་འཚལ་པ་སོགས་ལ་གནང་བ་དང༌། མ་རྒྱུད་ཀྱཻའི་རྡོ་རྗེའི་སྦྱོར་དྲུག་བླ་མ་ས་སྐྱ་པ་ཆེན་པོ་ལ་གནང་བ་དང༌། ཕ་རྒྱུད་གསང་འདུས་པའི་སྦྱོར་དྲུག་དགེ་བཤེས་སྐྱུ་ར་ཨ་སྐྱབས་ལ་གནང་བ་དང་གསུམ་མོ།། རྒ་ལོས་ཙ་མི་ལ་གསན་པ་ཡིན་ཡང༌། སྦྱོར་འཕྲེང་གི་ལུགས་དང་རྒ་ལོའི་ལུགས་གཉིས་གདམས་ངག་སྟོན་ཚུལ་མི་འདྲ་བ་ཆེར་ཡོད་པས་ལུགས་སོ་སོར་བགྲང་ངོ༌།།

ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའས་དཔྱལ་ལོ་ཆོས་བཟང་ལ་གནང་བ་དང༌། དགྱེས་རྡོར་ན་རོའི་འགྲེལ་ཆེན་གྱི་མན་ངག་ཏུ་མཛད། དཔྱལ་པས་ན་རོ་པའི་སྒྲོམ་ལྡེར་གྲགས་པའི་ཡི་གེ་ཡང་ཡོད་པ་དང༌། པཎ་ཆེན་གྱིས་ཆོས་རྗེ་ས་སྐྱ་པཎ་ཆེན་ལ་གནང་བ་སྙན་བརྒྱུད་རྡོ་རྗེའི་ཚིག་དྲུག་གིས་ཁྱད་པར་དུ་བྱས་པ་སྟེ། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་ལུགས་གཉིས་སོ། གྲུབ་ཐོབ་དཔེ་མེད་འཚོའི་ལུགས་ཀྱི་སྦྱོར་དྲུག་སློབ་དཔོན་རདྣ་རཀྵི་ཏ་ལ་པབྱྜི་ཏ་བི་བྷུ་ཏི་ཙནྟྲས་གསན་པ་བི་བྷུ་ཏིའི་རིང་བརྒྱུད་དུ་གྲགས་པ་དང༌། ཕྱིས་བལ་ཡུལ་གྱི་སཾཐ་བི་ཧ་རར་གྲུབ་ཐོབ་ཤཱ་བཱ་རིས་ཞལ་མངོན་སུམ་དུ་བསྟན་དུས་གནང་བའི་སྦྱོར་དྲུག་ཉེ་བརྒྱུད་དེ་བི་བྷུ་ཏིའི་ལུགས་གཉིས་སོ།། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་བླ་མ་བལ་པོའི་པཎ་ཆེན་ཉི་དབང་སྲུང་བ་དང༌། འཕགས་ཡུལ་ཀྱི་སྐྱེས་མཆོག་ར་ཧུ་ལ་ཤྲིའ་བྷ་དྲ་ལ་གསན་པའི་མན་ངག་ཀྱང་ཡོད་ལ། མན་ལུང་གུ་རུར་གྲགས་པར་གྲུབ་ཆེན་པུཎ་ཤྲིའའམ། རྒྱ་གར་གྱི་ཡུལ་དུ་གྲུབ་ཆེན་དཱི་པཾ་ཀ་རར་གྲགས་པ་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཏེ་ད་ལྟ་རི་བོ་པོ་ཏ་ལ་ན་བཞུགས་པ་དེས། དང་པོར་འབྲོ་ལུགས་གཙོ་བོར་གྱུར་པ་རྭ་འབྲོ་གཉིས་འདུས་ཀྱི་མན་ངག་བསྒོམ་པར་མཛད་པ་ཡིན་ཡང༌། ཕྱིས་གྲུབ་པ་བརྙེས་པས་བརྒྱུད་པ་གཞན་ལ་མ་ལྟོས་མོད། གང་ལྟར་ཡང་དེས་མཛད་པའི་མཚན་བརྗོད་སྦྱོར་དྲུག་སྟེ། དེ་ལྟར་ན་ལུགས་སྲོལ་བཅུ་བདུན་ནོ།
སྡོམ་ནི། གྱི་ཇོ་རྨ་ཁྲོམ་ཇོ་བོ་དང༌།། འབྲོ་རྭ་ཙ་མི་རྡོ་རྗེ་གྲགས།། རྒ་ལོའི་གསུམ་དང་ཁ་ཆེ་གཉིས།། བི་བྷུ་ཏི་གཉིས་ཆག་མན་ལུང༌།། ཞེས་སོ།། པཎ་ཆེན་བི་བྷུ་ཏི་ཙནྟྲའི་ལུགས་ཀྱི་ཉེ་བརྒྱུད་ལ། མར་སྟོན་གཡང་འབར། ལྷོ་བ་གཞོན་ཚུལ། ཉེག་པོ་ཆོས་ལྡན་ཏེ་དངོས་སློབ་གསུམ་ལ་རྣམ་འབྱོར་སེང་གེ་འབུམ་གྱིས་ཞུས། དེ་ལ་ཀུན་སྤངས་ཆེན་པོས་གསན། ཡང་བི་བྷུ་ཏིའི་དངོས་སློབ་དཔྱལ་སྟོན་པདྨ་ཅན་ལ། ཀུན་མཁྱེན་ཆོས་སྐུ་བས་གསན་ནོ།། དེ་ལ་ཀུན་སྤངས་ཆེན་པོས་གསན་པའམ། དཔྱལ་པདྨོ་ཅན་དངོས་ལའང་གསན་ནོ།། བུ་སྟོན་ཆེན་པོའི་གསུང་བགྲོས་གཅིག་ལ། ལྷོ་བྲག་པ་ནས་བརྒྱུད་པ་དེད་པས་ཆོག་པ་གཅིག་ཀྱང་ཡོད་པར་བཤད། དོན་ལའང་ཡོད་པར་འདུག ད་ལྟ་ཡོངས་སུ་གྲགས་པ་བི་བྷུ་ཏི་དངོས་སློབ་བཞིའི་ལུགས་གསན་པར་བྱེད། འདི་རྣམས་ལའང་ནང་སེལ་མི་འདྲ་བ་ཕྲན་ཚེགས་ཡོད་པས། ལུགས་ཐ་དད་དུ་བྱས་ན་སྦྱོར་དྲུག་མི་འདྲ་བ་ལུགས་ཉི་ཤུར་འགྲོ། སྐབས་འདིར་བརྒྱུད་པ་ཐ་དད་པའི་རྣམ་ཐར་མཐའ་དག་ནི་འཆད་པ་དང་འབྲི་བར་དཀའ། འབྲོ་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་རགས་རིམ་ཙམ་བཤད་ཐུབ་ན་ལེགས་ཏེ་ཡི་གེ་ལོགས་སུ་ཡོད། བརྒྱུད་པ་གཞན་རྣམས་ཀྱི་རྣམ་ཐར་ཁྲིགས་ཆགས་སུ་མི་དགོས་ཀྱང༌། གཏམ་རྒྱུད་རྣམ་ཐར་ངོ་མཚར་ཆེ་བ་ཆོས་འདི་ཉིད་དང་འབྲེལ་བ་འཆད་རྒྱུ་ཡོད་ན་ཐོ་རེ་ལོང་ངེ་བ་བཤད་པར་བྱའོ།། བི་བྷུ་ཏི་ཙནྟྲའི་ལུགས་ཀྱི་ལོ་རྒྱུས་ཅུང་ཙམ་བརྗོད་ན། འདིའི་རིང་བརྒྱུད་རྩ་བ་ཐུག་ས་དེ་གྲུབ་ཐོབ་དཔེ་མེད་འཚོ་ཡིན། དེ་ཡང་གྲུབ་ཐོབ་དཔེ་མེད་འཚོ་རྟེན་དགེ་སློང༌། རིག་པའི་གནས་ཐམས་ཅད་ལ་མཁས་པ། དུས་ཀྱི་འཁོར་ལོའི་རྒྱུད་ཀྱང་མཁྱེན། འཕགས་པ་སྤྱན་རས་གཟིགས་ཀྱང་ཡི་དམ་དུ་མཛད་པ་ཞིག་ཡིན། འཁྲུངས་ཡུལ་མ་ག་དྷ་པ། རིགས་རྗེ་རིགས། སྡེ་བ་མང་པོས་བཀུར་བ་ཡིན་ནོ་ཞེས་གསུང་རྒྱུན་ལས་བྱུང༌། གང་ལྟར་ནའང་ཁོང་གི་རྒྱ་གར་ཤར་ཕྱོགས་ཡུལ་ལི་ཁ་ར་ཤིང་འཕེལ། ཁ་སརྤ་ཎི་རང་བྱུང་གི་གཙུག་ལག་ཁང་དུ་བཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཡང་དག་པའི་གནས་ལུགས་བསྒོམས་ཤིང༌། འཕགས་པ་འཇིག་རྟེན་དབང་ཕྱུག་བསྒྲུབས་ཀྱང་རྟགས་མཚན་ཅུང་ཟད་ཀྱང་མ་བྱུང་བས་ཐུགས་མུག་སྟེ། ནམ་ཕྱེད་ཙམ་ན་མནལ་དུ་ཅུང་ཟད་སོང༌། དེར་ཁ་སརྤ་ནས་ལུང་བསྟན་པ། བུ་བི་ཀྲ་མ་པུ་རིར་སོང་ཞིག་འདོད་པའི་དོན་འགྲུབ་པར་འགྱུར་རོ་གསུང༌། དེའི་ནང་བར་རང་གི་སློབ་མ་ལེགས་པའི་བུ་དང་ལྷན་ཅིག་རིམ་གྱིས་ཆས་ཏེ། ནམ་ཞིག་བི་ཀྲ་མ་པུ་རིར་ཕེབས་པའི་ཉིན་མོ་སྣ་ཚོགས་པའི་ཟློས་གར་དང་ལྟད་མོ་དུ་མ་འདུག་པ་གཟིགས་པས། དེའི་རྐྱེན་གྱིས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས། ནུབ་མོ་འཁོར་གྱི་འཁྱམས་ཤིག་ཏུ་བཞུགས་པས་ནམ་ཕྱེད་ཙམ་ན་རང་གི་ལྷག་པའི་ལྷའམ་དཔལ་དུས་ཀྱི་འཁོར་ལོ་ཉིད། ཨ་ཝ་དྷུ་ཏིའི་སྤྱོད་པ་ཅན་གྱི་ཆ་བྱད་དུ་བྱོན་ནས། བུ་དེ་ཁོ་ན་ཉིད་འདི་ཡིན་ནོ་ཞེས་གསུངས་པ་གསན་པ་ཙམ་གྱིས་སྐད་ཅིག་དེ་ལ་ཉམས་རྟོགས་ནི་ཡན་ལག་དྲུག་གི་རིམ་པ་རྫོགས། གནས་ལུགས་ཀྱི་དོན་གཟིགས། མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཐོབ་ཆེན་པོར་གྱུར་ཀྱང༌། སེམས་ཅན་གྱི་དོན་དུ་ལོ་མང་པོར་འགྲོ་དོན་མཛད་ཅིང༌། མི་ལུས་ཀྱི་རྣམ་པ་དེ་ཀས་བཞུགས། གཡང་ས་དང་ཆུ་དང་མེ་དང་དུག་དང་མཚོན་དང་མི་དང་མི་མ་ཡིན་པ་གང་གིས་ཀྱང་གནོད་པས་མི་ཚུགས། རྩིག་པ་དང་རི་ལ་ཐོགས་པ་མེད། སྐུ་ལུས་ཀྱི་བཀོད་པ་དང༌། གསུང་གི་སྣང་བ་མང་པོ་ཅིག་ཆར་འབྱུང༌། སྟག་དང་གླང་པོ་ཆེ་དང་ཀླ་ཀློའི་དཔུང་རེངས་པར་མཛད། མཐར་སྐུ་ལུས་མ་སྤངས་པར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས། སློབ་དཔོན་ཨ་བྷ་ཡཱ་ཀ་ར་དང་དུས་མཚུངས་ཡིན། དེས་སློབ་དཔོན་དཔལ་འཛིན་སྡེ་ལ་བཤད། དེས་འོད་བྱེད་ལྷ་ལ་བཤད། དེས་རྒྱལ་པོའི་བླ་མ་ཆོས་འབྱུང་ཞི་བ་ལ་བཤད། དེས་ཉི་མ་དཔལ་ཡེ་ཤེས་ལ་བཤད། དེ་ལ་པཎ་ཆེན་རདྣ་རཀྵི་ཏས་གསན། དེ་ལ་བི་བྷུ་ཏི་ཙནྟྲས་གསན་ཏེ། དེ་ཐམས་ཅད་ཀྱང་རིག་པའི་གནས་ལྔ་ལ་མཁས་ཤིང༌། གསང་སྔགས་ཀྱི་རྒྱུད་ཐམས་ཅད་ལ་མཁྱེན་པ་རྒྱས་པ། དུས་ཀྱི་འཁོར་ལོའི་ཚུལ་ཁོང་དུ་ཆུད་པ། མཛད་པ་ཆོས་ལས་མི་འདའ་བ། ཐུན་མོང་གི་ནུས་པའི་རྟགས་ཅི་རིགས་པ་མངའ་ཞིང༌། རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་ཤར་བ་ཤ་སྟག་གོ།
ཉེ་བརྒྱུད་ནི་གྲུབ་ཐོབ་ཤཱ་བཱ་རིས་བི་བྷུ་ཏི་ཙནྟྲ་ལ་དངོས་སུ་གནང་བ་ཡིན་ཏེ། དེ་ལ་བི་བྷུ་ཏི་ཙནྟྲ་ནི་རྒྱ་གར་ཤར་ཕྱོགས་བྷ་ལེནྟྲར་ཚོང་དཔོན་ཅིག་གི་སྲས་སུ་འཁྲུངས། རྟེན་དགེ་སློང༌། སྡེ་བ་ནི་མང་པོས་བཀུར་བ། བི་ཀྲ་མ་ཤཱི་ལ་སོགས་མ་ག་དྷ་དང༌། ཨོ་ཌི་བི་ཤ་སོགས་སུ་ཡང་བསླབ་སྦྱངས་ཅི་རིགས་པ་མཛད། གཙོ་བོ་ཤར་ཕྱོགས་བྷཾ་ག་ལའི་ཡུལ་ན་ཆོས་འཁོར་ཛ་གད་ད་ལ་བྱ་བའི་ཆོས་གྲྭ་བཟང་ལ་རྒྱ་ཆེ་བ་ཡོད་པ་དེར་བསླབ་སྦྱངས་མཛད་པས་སྡེ་སྣོད་གསུམ་དང༌། ཕྱི་རོལ་གྱི་རིག་པའི་གནས་ལ་ཤིན་ཏུ་མཁས་པར་གྱུར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའ་རྒྱ་གར་དུ་ལོ་གསུམ་དང༌། བོད་ཡུལ་དུ་ལོ་བཅུ་གཅིག་བསྟེན། ས་སྡེ་ལྔ་དང༌། གསང་སྔགས་ཀྱི་ཆོས་ཤིན་ཏུ་མང་བོ་སོགས་མདོ་སྔགས་ཀྱི་གསན་པ་མཐའ་ཡས་པ་མཛད། ཁ་ཆེ་པཎ་ཆེན་རྩ་བའི་བླ་མར་འཛིན། དྲང་སྲོང་སྲིན་པོ་རིར་བདེ་མཆོག་གི་ལྷ་ཁང་བཞེངས། འཇིམ་བཟོ་བི་བྷུ་ཏི་རང་གིས་མཛད། རབ་གནས་ཁ་ཆེ་པཎ་ཆེན་ལ་ཞུས། དེ་ནས་བལ་ཡུལ་དུ་བྱོན་ཏེ། བུངྔྷ་ཤྲིའ་སོགས་མཁས་གྲུབ་གཞན་ལའང་སྔར་མ་གསན་པའི་གཞུང་གདམས་པ་ཅི་རིགས་པ་གསན། ཁྱད་པར་པཎ་ཆེན་རདྣ་རཀྵི་ཏ་ལ་དུས་འཁོར་བདེ་མཆོག་སོགས་མང་བོ་ཞིག་མཁས་ཉན་དུ་མཛད། ལྷག་པར་དུས་འཁོར་གྱི་རྒྱུད་བཤད་ལ་ནན་ཏན་ཆེན་པོ་མཛད་ཅིང༌། ཆེས་མཁས་པའི་པཎ་ཆེན་དུ་གྱུར། སྦྱོར་དྲུག་གི་ཉམས་ཁྲིད་བསྐྱར་བ་ལ་རྩོལ་བ་ཆེན་པོ་དང་ངོ་སྤྲོད་མཛད་པས། རྩ་རླུང་དབང་དུ་འདུས། ཉམས་རྟོགས་ཁྱད་པར་ཅན་འཁྲུངས། ཕྱིས་སཾ་ཐ་བྷི་ཧ་རའི་མཁན་པོར་ཕེབས། ཆོས་ཀྱི་སྒོ་རྣམ་གྲངས་མང་པོ་གསུངས། འཕྲེང་བ་སྐོར་གསུམ། ཐུབ་པའི་དགོངས་རྒྱན། མན་ངག་སྙེ་མ་སོགས་ལའང་རྐང་ཚུགས་ཀྱི་གྲྭ་བཙུགས་ཤིང༌། ལྷག་པར་དུས་འཁོར་ལ་བཤད་སྒྲུབ་གཉིས་ཀ་རྩལ་འདོན་དུ་མཛད། ཡི་དམ་འཕགས་པ་འཇམ་དཔལ་དང༌། རྡོ་རྗེ་ཕག་མོ་སྔ་མོ་ནས་ཞལ་གཟིགས། ཕྱིས་འཁོར་ལོ་སྡོམ་པ་དང་དུས་འཁོར་ཡང་གཟིགས། བདེ་མཆོག་གི་དབང་མཛད་པས། ཡེ་ཤེས་དབབ་པའི་དུས་བལ་པོ་ཀིརྟི་ཤྲིའ་བྱ་བ་ཞིག་དང༌། རྒྱ་གར་ཐ་རུ་བའི་བཙུན་པ་མ་ནོར་ཏ་བྱ་བ་སྐལ་ལྡན་གཉིས་ལ་ནམ་མཁའི་ཡེ་ཤེས་ཕེབས་ཏེ། དབང་གྲལ་ནས་མི་སྣང་བར་གར་སོང་ཆ་མེད་དུ་ཡལ། དེ་སོགས་ཡ་མཚན་པའི་ལྟས་དུ་མ་མངའ།

ཡང་བོད་དུ་ཕེབས་ཏེ་འགྲོ་དོན་ཆེར་བྱུང༌། མདོ་སྔགས་ཀྱི་བསྟན་བཅོས་མང་པོ་ལ་རང་འགྱུར་ཡང་མཛད། ཡང་བལ་ཡུལ་དུ་བྱོན་ཏེ། དགུང་ལོའང་མང་རབ་སོང་སྐབས། རྣལ་འབྱོར་པ་གཞོན་ནུ་སྙན་ལ་རྭ་དུང་བཅུག་པ་གཅིག་བྱུང་ནས། སྣེ་ལེན་ཅུང་ཟད་ཅིག་མཛད་ནས་གྲང་ཁང་ཞིག་ཏུ་བསྐྱལ། དེར་སྒྲ་སློབ་པའི་པཎ་ཆུང་ཅིག་གིས་བལྟས་པས། རླུང་མི་རྒྱུ་བ་དང༌། ལུས་ཀྱི་མདོག་དབྱིབས་སྣ་ཚོགས་སུ་འགྱུར་བ་སོགས་ངོ་མཚར་བའི་རྟགས་འགའ་རེ་འདུག་ནས། བླ་མ་པབྱྜི་ཏ་ལ་ཞུས་པས་པབྱྜི་ཏས་ཀྱང་དེ་སྤྱན་དྲངས་ཏེ་ཡིད་ཀྱི་དྲི་བ་བྱས་ཚད་ལ་ཐོགས་མེད་དུ་ལན་ཤར་ཤར་བྱུང༌། ཉིད་སུ་ཡིན་ཞུས་པས། གྲུབ་ཐོབ་ཤཱ་བཱ་རི་པ་ཡིན་གསུང༌། མཆོག་ཏུ་དགྱེས་ཤིང་གུས་ནས་རྗེས་སུ་གཟུང་བར་ཞུས་པས་སྦྱོར་དྲུག་གསུངས། ཡི་གེར་བཀོད་པ་ད་ལྟའི་གཞུང་ཆུང་འདི་ཡིན། སྤྱིར་ཟབ་མོའི་གདམས་པ་མཐའ་ཡས་པས་ཚིམས་པར་མཛད་ཅིང་རྒྱུད་བྱིན་གྱིས་བརླབས། ཞག་ཉི་ཤུ་རྩ་གཅིག་ཙམ་དངོས་སུ་བཞུགས་པར་ཡང་གྲགས། དེ་ནས་གང་དུ་བཞུད་ཞུས་པས། འདི་ནས་ཨོ་རྒྱན་དུ་འགྲོ། སྐལ་ལྡན་འགའི་དོན་བྱེད། དེ་ནས་དཔལ་གྱི་རི་ལ་ཀ་འགྲོ་གསུང་སྟེ་མི་སྣང་བར་འགྱུར། དེར་སློབ་དཔོན་བུ་བྷུ་ཏི་ཙནྟྲ་ནི་བྱིན་རླབས་ཀྱི་སྟོབས་ཀྱིས་ཉམས་རྟོགས་མཐར་ཕྱིན་པ་སྐད་ཅིག་ལ་བརྙེས། འཛིན་པའི་ཡོན་ཏན་མཐར་ཐུག་པའི་རྟགས་ཐོབ། མི་རིང་བ་ཞིག་ནས་ཐུགས་དགོངས་ལ་བོད་ན་སྐལ་ལྡན་མང་པོ་ཡང་ཡོད། ཉེ་བརྒྱུད་ཀྱི་ཆོས་ཟབ་མོ་འདི་དར་ན་ཅི་མ་རུང་དགོངས། དུས་དེ་ཙ་་ན་བོད་སྒོམ་ལ་གྲུབ་ཐོབ་ཀོ་བྲག་པ་ལས་བཟང་བ་དང་མཚན་གྲགས་ཆེ་བ་མེད། སྔར་ནས་སློབ་མའང་ཡིན་པས་རྡོ་སྐུ་མཛད་བརྒྱད་བརྐོས་མ་གཅིག ཀ་རའི་གླང་པོ་ཆེ་གཅིག་སོགས་བསྐུར་ནས། ང་ལ་ཆོས་ཟབ་མོ་ཁྱད་པར་ཅན་གསར་པ་ཡོད་པས་ཉན་པར་ཤོག་གསུང་བའི་འཕྲིན་བཏང༌། དེར་ཀོ་བྲག་པས་བདག་གཅིག་པུ་དེར་ཡོང་ཡང་སེམས་ཅན་ལ་ཕན་ཐོགས་ཆེ་རྒྱུ་མ་མཆིས། བླ་མ་ཉིད་བོད་དུ་ཕེབས་ན་སྐལ་ལྡན་དཔག་ཏུ་མེད་པའི་འགྲོ་དོན་ཡོང་བས། བོད་དུ་ཅིས་ཀྱང་ཕེབས་པར་ཞུ་ཞེས་སྤྱན་འདྲེན་བཏང་བས་ཞུ་བ་དེ་ལ་པཎ་ཆེན་ཐུགས་དགྱེས་ཏེ། ཀྱི་རོང་ཚུན་ཆད་ལ་ཕེབས་བསུའི་མཐུན་རྐྱེན་མང་པོ་དང་བཅས་ཕེབས། འདི་སྐབས་ཀྱང་བོད་དུ་ལོ་གསུམ་སོང༌། དྲང་སྲོང་སྲིན་པོ་རིར་ཡང་ཕེབས། དིང་རི་གླ་འཁོར་དུ་ལོ་ངོ་གཉིས་ཙམ་བཞུགས། སྤྱིར་ཆོས་ཞུ་བ་ཤིན་ཏུ་མང༌། སྒོས་སུ་སྦྱོར་དྲུག་ཞུ་བ་མང་ཞིང༌། ཉམས་རྟོགས་ཁྱད་པར་ཅན་སྐྱེས་པ་མང་དུ་བྱུང༌། ཉེ་བརྒྱུད་ལ་ཕྱིས་བརྒྱུད་པ་ཟིན་ཞིང་འགྲོ་དོན་ཅན་གྱི་སློབ་མ་དགུ་བྱུང་བར་གྲགས།

དེ་སྐབས་སྒོམ་ཆེན་མཚན་གྲགས་ཆེ་བ་རྒོད་ཚང་བས་ཀྱང་འདིའི་ཞབས་ལ་གཏུགས་པ་ཡིན་ཏེ། ཁོང་རང་གི་བཀའ་འབུམ་དུ་བལྟས་པས་གསལ། བླ་སྒྲུབ་ཕྱི་ནང་གསང་གསུམ་གྱི་གཞུང་ཆུང་བ་བི་བྷུ་ཏི་ལ་ཞུས། གཞུང་ཆུང་དེ་དག་ལ་ཁོང་བས་མཆན་བུ་དང་ས་དཔྱད་ཀྱང་མཛད་གདའ། རྣམ་ཐར་ན་བགྲོས་མི་འདུག་སྟེ་སློབ་མ་ཚོས་གསང་བ་ཡིན་ལས་ཆེ། དེ་ནས་པཎ་ཆེན་བལ་བོར་བཞུད་དེ། དེ་རྗེས་ཀྱང་ལོ་མང་རབ་སོང་བ་ན་མི་སྣང་བའི་དངོས་གྲུབ་བརྙེས་པ་ལ་རྩོད་པ་མེད། འཛིན་པ་མཐར་ཕྱིན་ནས་ཡུན་རིང་ལོན་པས་ཟུང་འཇུག་བརྙེས་པ་ཡིན་ཏེ་མཆི། སྐུ་གདུང་མ་བྱུང༌། གང་ལྟར་ཡང་སློབ་དཔོན་དེ་ཡུལ་ཤིན་ཏུ་གཉན་པ་ཞིག་ཏུ་འདུག

སྔོན་རོང་བ་ཤེས་སེང་དང་རྡོ་རྗེ་རྒྱལ་མཚན་པ་སོགས་ཀྱིས་ཀྱང་ཞལ་སྨོད་མང་པོ་མཛད་དེ། ནང་གི་སྙེ་མའི་འགྱུར་དེ་མ་བདེ་བ་ཞིག་འདུག་པས་འཁྲུལ་གཞི་བྱུང་ནས་དོན་མ་དགོངས་བར་མ་ཟད། ཕྱིས་བྱུང་གི་ས་སྐྱ་བར་འདོད་པ་རྣམས་བརྙས་ཐབས་དང་སྐུར་འདེབས་བྱེད་དེ། འུར་འདྲོག་ལངས་པ་ཁོ་ནར་ཟད་དོ།། དེའི་རྒྱུ་མཚན་ཁ་ཆེ་པཎ་ཆེན་ས་སྐྱར་ཕེབས་དུས། པཎ་ཆུང་གཞན་རྣམས་ཀྱིས་རྗེ་བཙུན་གྲགས་པ་ལ་ཕྱག་ཕུལ། བི་བྷུ་ཏིས་མ་ཕུལ། རྗེ་ས་པཎ་གྱིས་དེའི་སྔོན་དུ་སངྒྷ་ཤྲིའ་ལ་སྒྲ་དང༌། ད་ན་ཤིའ་ལ་ལ་ཚད་མ་གསན། དེ་དུས་པཎ་ཆུང་གཞན་རྣམས་ལའང་ཆོས་འབྲེལ་རེ་ཙམ་ཞུས། རྫོངས་བ་བཟང་པོ་མཛད་པ་ལ། བི་བྷུ་ཏི་དེ་དུས་ནས་བན་ཆུང་དགུའི་ནང་ནས་མཁས་ཤོས་ཡིན། དེ་དུས་པཎ་ཆེན་རང་དུ་ཀ་ཡོད་ཀྱང༌། ཆོས་ཀྱང་མ་གསན། རྫོངས་བ་ཡང་མ་མཛད་སྐད། བི་བྷུ་ཏི་ནི་སྔོན་ནས་འབྲི་གུང་པ་དང་འབྲེལ་ཆགས་ཡོད། ལམ་བར་ཕེབས་སྐབས་ཀྱང་འབྲི་གུང་གླིང་དུ་འཕྲིན་ལས་ཆེར་བྱུང༌།

དེ་རྗེས་སྲིན་པོ་རི་པའི་དགེ་བཤེས་ཅིག་ཡིན་ནམ་ཡང་ཟེར། འབྲི་གུང་པའི་ཕྱོགས་འཛིན་ཅིག་ཡིན་ནམ་ཡང་ཟེར་ཏེ། རྗེ་བཙུན་ཆེན་པོའི་རྩ་ལྟུང་འཁྲུལ་སྤོང་གི་གྲུབ་མཐའ་ལ་དགག་པ་ཡོད་པའི་སྡོམ་གསུམ་འོད་འཕྲེང་ཟེར་བའི་གཞུང་ཆུང་དེ་བརྩམས་ནས། བི་བྷུ་ཏི་ཙནྟྲས་མཛད་དོ་ཞེས་ཁ་འཕངས་བྱས་འདུག་གྲུབ་མཐའ་བི་བྷུ་ཏིའི་བཞེད་པ་ནི་ཡིན་ཡོད་ཡང་གདའ། ཕྱིས་ཀྱི་ས་སྐྱ་པ་རྣམས་བོད་རྩོམ་དང་རྒྱ་རྩོམ་གྱི་ཉམས་ནི་མེད། དགག་པ་དེ་མཐོང་བས་སྙིང་ན་བ་ཡིན་ཏེ། འོད་འཕྲེང་གི་གཞུང་དེ་བོད་རྩོམ་སང་སང་སྔོན་རྟགས་ཅན་ཡིན་པས། བི་བྷུ་ཏིས་མ་མཛད་པར་ངེས། ཁོང་ལ་ཚིག་པ་དེ་ཙམ་ཟ་མི་དགོས། དཔེར་ན་རྒྱུད་བརྫུས་མ་གཅིག་གི་ནང་ན། ལྟ་སྤྱོད་ལོག་པར་འདུག་ཀྱང༌། དེ་རྡོ་རྗེ་འཆང་ལ་ཁག་མེད་པ་དང་འདྲ། ལར་སྡོམ་གསུམ་འོད་འཕྲེང་གི་ལུགས་དེ་ལའང་ལུང་རིགས་ཀྱིས་གནོད་བྱེད་ཡོད་ན་ཁྱོགས་ཤོག རྗེ་བཙུན་གྲགས་རྒྱན་ལ་ཕྱག་མ་ཕུལ་བ་དང༌། དགག་པ་བྱས་པ་ཙམ་ལ་སྙིང་འཁང་པ་ནི་གུ་དོག་ཙམ་ཡིན་གྱི། མཁས་པའི་བྱ་བ་ནི་མ་ཡིན་ནོ།། དེས་ན་མཁས་པ་ཡིན་དུ་རེ་ན་མཁས་པ་ལ་འོས་པ་ཞིག་བྱས་ན་དགའ་འོ།།

དེ་ལྟར་བརྒྱུད་པ་ཐ་དད་པ་དུ་མའི་ནང་ནས། སྔོན་འགྲོ་དངོས་གཞི་ཐོག་མཐའ་བར་གསུམ་ཐམས་ཅད་དུ་རྩ་བའི་རྐང་ནི་འབྲོ་ལུགས་ཀྱི་མན་ངག་ལ་གཞུང་སྲོང་བར་མཛད་དེ། གཞན་ཐམས་ཅད་ལས་མན་ངག་རྒྱས་པའི་ཕྱིར་དང༌། བརྒྱུད་པའི་བླ་མ་ཐམས་ཅད་ཀྱང་རྟགས་མངོན་གྱུར་གྱི་གྲུབ་བརྙེས་འབའ་ཞིག་ཡིན་པས་བྱིན་རླབས་ཀྱི་བཀའ་བབས་འགྲན་ཟླ་མེད་པའི་ཕྱིར་རོ།།
དེའི་འོག་ནས་བི་བྷུ་ཏི་ཙནྟྲའི་ཉེ་བརྒྱུད་ལ་གཙོ་བོར་མཛད་དེ། གདམས་པ་ཟབ་ཅིང་བཀའ་གསར་མ་ཉིད་ཀྱི་ཕྱིར་བྱིན་རླབས་ཀྱི་བཀའ་བབས་ཀྱང་ཆེ་བ་ཡིན་པས་ཐོག་མཐའ་བར་གསུམ་ཀུན་ཏུ་འཕྲ་བཀོད་པའི་ཚུལ་དུ་སྟོན་པར་མཛད་དོ།།
དེ་ལས་གཞན་བརྒྱུད་པ་སོ་སོའི་མན་ངག་ཐམས་ཅད་ཀྱང༌། དཔལ་ཇོ་ནང་བའི་ལུགས་འདི་ལ་འདུས་ཏེ། ཉམས་ལེན་གྱི་སྤྱི་ཁོག་ནི་ཐབས་ཅད་འདྲ་བས་ཟློས་པའི་ཚུལ་གྱིས་སྟོན་མི་དགོས་ལ། སྲོག་རྩོལ་སོགས་ཀྱི་སྐབས་སུ་མི་འདྲ་བའི་ཁྱད་པར་ཟབ་ཁྱད་ཡོད་ཚད་རྣམ་གྲངས་སུ་བཀོད་ནས་འདུས་པར་མཛད་པ་ཡིན་ནོ།། དེ་ལྟར་ན་རྒྱུད་དང་བླ་མ་ལ་ཡིད་ཆེས་པ་ཞེས་བྱ་སྟེ། རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲལ། གྲུབ་ཐོབ་རྣམས་ཀྱིས་བསྒོམས། པབྱྜི་ཏ་རྣམས་ཀྱིས་བཤད། ལོ་ཙཱ་བ་རྣམས་ཀྱིས་བསྒྱུར། ཚད་མར་གྱུར་བའི་སྐྱེས་བུ་ཐམས་ཅད་ཀྱིས་རྩིས་སུ་མཛད། རྒྱལ་བའི་བསྟན་པ་གཅེས་པར་འཛིན་པའི་མཁས་གྲུབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཉན་བཤད་སྒོམ་སྒྲུབ་མཛད་པས་ཐེ་ཚོམ་དང་རྩོད་པའི་གཞི་ཐམས་ཅད་དང་བྲལ། སྲིད་པ་གསུམ་དུ་ཉི་ཟླ་ལྟར་གྲགས་པའི་ཆོས་ཡིན། མཁས་པས་མ་བཅོས། བླུན་པོས་མ་བསླད། རྒྱལ་བའི་བཀའ་མདོ་རྒྱུད་ཀྱི་དགོངས་པ་དྲང་ཐལ་ལེ་བ། ཉམས་དང་རྨི་ལམ་དང་ཞལ་གཟིགས་མ་དང་གཏེར་མ་དང་ལུང་བསྟན་མ་ཡིན་ཟེར་ནས་ཁུངས་མེད་རྫབ་རྫུབ་རབ་རིབ་ལ་སྐྱབས་འཚོལ་མི་དགོས་པ། ལེགས་ལེགས་བསྡུས་པ་མ་ཡིན་པ། བློ་བཟོའི་རིས་གཅོད་མ་བྱས་པ། སྒོམ་ཆེན་འགའ་ཞིག་གིས་འཚོ་བའི་དོན་དུ་བརྩམས་པ་དང༌། བླ་དཔོན་འགའ་ཞིག་གིས་རང་གི་འཁོར་དང་ཡོན་བདག་མགོ་རྨོངས་པའི་ཆེད་དུ་བྱས་པའི་གྱབས་སྐོར་དང་རྫུན་ཆོས་དང༌། ལོག་ཆོས་ཀྱི་བསྲེ་བསླད་ཡེ་མ་ཞུགས་པ། རྣམ་དག་ལེགས་པའི་ལམ་འདི་ལྟ་བུ་ལ་འཇུག་པ་སྐལ་བ་བཟང་བ་ཡིན་ནོ།། བདག་ཉིད་ལ་ཡིད་ཆེས་པ་ཞེས་པ་ནི། ཆོས་དེ་རང་གིས་ཉམས་སུ་བླངས་བས་བཤད་ཚོད་དང་མཐུན་པའི་ཉམས་མྱོང་སྐྱེས་ཙ་ན། ཆོས་དེ་སློབ་མ་རྣལ་འབྱོར་བ་བདག་ཉིད་ཀྱིས་ཉམས་སུ་མྱོང་བའི་སྒོ་ནས་ཆོས་ལ་ཡིད་ཆེས་ཚད་མ་རྙེད་པ་སྟེ། དེ་ཡང་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལས། །བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ཏུ་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། ཞེས་གསུངས་ཤིང༌། དགྱེས་པ་རྡོ་རྗེ་ལས་ཀྱང༌། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་པ་ཡིས། །རྒྱུན་མི་ཆད་པར་ཉིན་མཚན་གཅིག། བསྒོམས་པ་ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །ཞེས་གསུངས་ཏེ། དམིགས་པ་ལ་རྩེ་གཅིག་ཏུ་གནས་པས་ཉིན་མོ་གཅིག་དང་མཚན་མོ་གཅིག་གོམས་པར་བྱས་ན། དུས་དེ་ཉིད་དུ་ལམ་རྟགས་སྔོན་མ་རྣམས་འཆར་ཐུབ་པ་ཅིག་དགོས་ཏེ། ཉི་མ་ཤར་ན་དུས་དེ་ཉིད་དུ་འོད་འབྱུང་དགོས་པ་བཞིན་ནོ།།

གཞན་དུ་ན་མི་རྟོག་པ་དང༌། གཏུམ་མོ་བསྒོམ་པ་སོགས་ཟླ་དྲུག་གམ་ལོའམ་ལོ་གསུམ་སོགས་ཡུན་རིང་དུ་གོམས་པ་ལས་ཕྱིས་རྟགས་རྣམས་འབྱུང་བ་དང༌། དེ་ལྟར་འབྱུང་ངོ་ཞེས་བླ་མས་ལུང་སྟོན་ཡང༌། བདག་ཉིད་ལ་ཡིད་ཆེས་པ་རྣམ་དག་མ་ཡིན་ཞིང༌། འཐད་པའང་མ་ཡིན་ཏེ། ཉིན་ཞག་དང་པོ་བསྒོམ་པ་དེ་ཀ་ཡང་དག་པའི་དེ་ཁོ་ན་ཉིད་བསྒོམ་པ་ཡིན་ན། དེ་ཉིད་དུ་དེའི་རྟགས་འབྱུང་བ་འཐད་ལ། དེ་ནི་དེ་ཁོ་ན་ཉིད་ཀྱི་བསྒོམ་མ་ཡིན་ན། དེ་དང་དམིགས་རྣམ་ལ་ཁྱད་མེད་པས། ཕྱིས་བསྒོམ་པ་རྣམས་ཀྱང་ཡང་དག་པ་མ་ཡིན་པར་འགྱུར་ལ། དེ་ཡང་འདོད་ན་ཁྱེད་ཀྱི་ཆོས་དེ་དངོས་གནས་ལ་དེ་བཞིན་བདེན་མོད། ཕྱིན་ཅི་ལོག་གི་ལམ་ཡུན་རིང་གོམས་པ་ལས། ཡང་དག་པའི་རྟགས་འབྱུང་བ་ཡང་མི་རིགས་ཤིང༌། ཡང་རྟགས་དེ་ཡང་ལོག་པའི་རྟགས་ཡིན་ན་ནི། ཕྱིན་ཅི་ལོག་ཁོ་ན་ཡུན་རིང་དུ་གོམས་པ་ལ་རྩོལ་པ་བྱེད་པའི་བླ་མ་དང༌། སློབ་མ་དེ་དག་ནི་ངོ་མཚར་ཅན་བརྗོད་པ་ལས་འདས་པ་ཞིག་གོ། ཡང་ཉིན་ཞག་དང་པོ་ནས་བསྒོམས་པ་དེ་རྣམ་དག་ཡིན་ཡང་དེའི་རྟགས་ནི་ཕྱིས་ཡུན་རིང་པོ་ནས་འབྱུང་ངོ་ཞེ་ན། ཉི་མ་དེ་རིང་ཤར་བ་ཡི། འོད་ཟེར་ནང་བར་འབྱུང་བ་མཚར། ཞེས་པ་དང་འདྲའོ།།

དེ་ལྟ་བས་ན་རྩ་བཟང་ན་ཐུན་ཐུན་མཚམས་གཅིག འབྲིང་ལ་ཉིན་མཚན་གང་རུང་གཅིག ཐ་མས་ཀྱང་ཉིན་ཞག་ཕྲུག་གཅིག་བསྒོམས་པས་རྟགས་སྣང་འཆར་བར་ཐེ་ཚོམ་མེད་པའི་ལམ་ནི་ཆོས་འདི་ཁོ་ན་ཡིན་ནོ།། འོ་ན་ད་ལྟ་ཁྲིད་བཏབ་པ་རྣམས་ལ་ཞག་འགའ་ཤས་ནས་རྟགས་སྣང་འབྱུང་བ་མང་དུ་མཐོང་བ་དང་མི་འགལ་ལམ་སྙམ་ན། ལས་དང་པོ་པས་ཐུན་བཞིར་བསྒོམས་ན། རེ་འགའ་དམིགས་པ་ལ་སེམས་གནས་ཀྱང་ཕལ་ཆེར་མི་གནས་པས་གང་དམིགས་པ་ལ་སེམས་གཏད་པ་སྔ་ཕྱིར་བྱུང་བ་རྣམས་བསྡོམས་པས་ཉིན་ཞག་གཅིག་གི་ཚད་དུ་སླེབས་པ་ན། ངེས་པར་རྟགས་སྣང་འཆར་ཞིང༌། རྣམ་པར་མི་རྟོག་པའི་སྒོམ་ཅུང་ཟད་ཙམ་རྩོལ་མེད་རང་བབས་སུ་འབྱུང་སྟེ། རྡོ་རྗེ་འབེབས་པའི་ཆ་ཤས་ཡིན་ནོ། དེས་ན་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་རྒྱུན་མ་ཆད་པ་ཞག་གཅིག་ཐུབ་དགོས་པ་གཏན་ནས་མིན་ཡང༌། ཐུན་མཚམས་སྤྱོད་ལམ་དང་སེམས་ཡངས་པའི་དུས་དེ་སྒོམ་བྱས་པ་ལ་མི་ཐེ་བས། ནམ་མཁའི་རྣལ་འབྱོར་ཞག་གཅིག་བསྒོམ་པ་ལ་རྟགས་མེད་པ་མི་སྲིད་པར་གསུངས་པ་དང༌། རྣམ་གཡེང་དང་བསྲེས་ཀྱིན་བསྒོམས་པས། ཞག་གཉིས་གསུམ་དུ་རྟགས་མ་བྱུང་བ་ལ་འགལ་བ་སྡེབས་རྒྱུ་ག་ལ་ཡོད། སྤྱིར་དེང་སང་གི་མིས་ཀྱང་ཆོས་འདིའི་སྒོམ་ལ་ཞུགས་པའི་ཉི་མ་དང་པོ་ཉིད་ནས་རྟགས་སྣང་དང་རྡོ་རྗེ་འབེབས་པ་ཐོབ་པ་མང་དུ་འབྱུང་བ་མངོན་སུམ་དུ་གྲུབ་པ་འདིར་སྣང་ཞིང༌། ཞག་ཤས་བསྒོམས་པས་མི་འབྱུང་བ་ནི་མི་སྲིད་དོ།།

དེ་ལ་མ་མཐའ་ཡང་ཞག་གཅིག་གི་མཐའ་འཛིན་པའི་རྒྱུ་མཚན་ནི་ཉིན་ཞག་གཅིག་པོ་དེའམ་ཞག་སྔ་ཕྱི་སྣ་ཚོགས་པ་བསྡོམས་པ་ཡིན་ཡང་རུང་སྟེ། ཞག་གཅིག་གི་ཚད་དུ་ལོངས་པ་ན་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། མི་རྟོག་པའི་ཡེ་ཤེས་ཀྱིས་གནད་དུ་བསྣུན་པར་སོང་པའི་རྟེན་འབྲེལ་ལས་ཐེ་ཚོམ་མེད་པ་ཡིན་ལ། དབང་པོ་རྣོ་བ་ལ་ནི་དབུགས་སུམ་བརྒྱ་དྲུག་ཅུ་ཙམ་ལ་ཡང་འབྱུང་བ་ལ་སོགས་པ་ངེས་པ་མེད་དོ།། དེས་ན་ཆུ་ཚོད་གཅིག་དང༌། དུས་སྦྱོར་གཅིག་དང༌། དུས་སྦྱོར་གཉིས་ནས་བཅུ་གཉིས་ཀྱི་བར་དུ་ཅི་རིགས་པར་སྦྱར་རོ།།

གཞན་ཡང་འདི་ལྟར་ཤེས་དགོས་ཏེ། སྟོང་རྐྱང་ཙམ་བསྒོམ་པ་ལ་ནི་རྟགས་སྣང་མི་འབྱུང་བ་ཤས་ཆེ་ལ། བྱུང་ཡང་རྩིས་སུ་མི་བྱེད་དོ།། ཕྲ་ཐིག་སོགས་བསྒོམས་པས་དུ་སོགས་འཆད་པ་ནི་བེམ་པོའི་རླུང་རགས་པའི་དབུ་མར་ཐིམ་པའི་ཉམས་ཙམ་ཡིན། དེ་ནི་རླུང་གི་མདངས་སམ་རྩའི་མདངས་ཞེས་བྱ། སྤྱིར་ལམ་དུ་འགྱུར་མོད་ཀྱང་འཁྲུལ་ཤེས་ཡིན་ཞིང་རྣམ་པ་ཐམས་ཅད་པ་འཆར་པའང་མ་ཡིན་ནོ།། ཆོས་འདི་ལས་བྱུང་བའི་རྟགས་སྣང་གི་གཙོ་བོ་རྣམས་ནི་མི་རྟོག་པའི་སྟོབས་ཀྱིས་མ་དག་པའི་རྩ་རླུང་ཐིག་ལེ་ཅུང་ཟད་ཐིམ་པས། དེ་མ་ཐག་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་ཅུང་ཟད་མངོན་དུ་གྱུར་པའི་ཕྱིར། ཆོས་ཉིད་ཀྱི་མདངས་ཡིན་ལ། དེའི་ཕྱིར་རྣམ་པ་ཕྱོགས་རེ་ཙམ་མ་ཡིན་པར་རྣམ་པ་མཐའ་ཡས་པར་འཆར་བ་ཡིན་ནོ།།

དེས་ན་ལམ་འབྲས་དང་ཆོས་དྲུག་སོགས་ལས་འཆད་པའི་རྟགས་སྣང་དང༌། སྦྱོར་དྲུག་པ་ལ་འབྱུང་བའི་སྟོང་གཟུགས་གཉིས། དུ་སོགས་སུ་མཚུངས་པའི་འདྲ་ཆོས་ཙམ་ཡོད་ཀྱང་ངོ་བོ་བཟང་ངན་ཤིན་ཏུ་ཁྱད་ཆེ་སྟེ། རྒྱུ་མཚན་དེ་ཉིད་ཀྱིས་ན། ཆོས་དེ་དག་ཏུ་སྟོང་གཟུགས་ཀྱི་ཐ་སྙད་མི་མཛད་ལ། འདིར་སྟོང་གཟུགས་དང་རྫོགས་རིམ་གྱི་ལྷ་ཡིན་པར་འཇོག་པ་ཡིན་ནོ།། དེའི་རྒྱུ་མཚན་ཡང་རྟོག་བཅས་དེ་དག་ཏུ་དུ་སོགས་འཆར་བ་ནི། རྟོག་པ་དེ་ཤིན་ཏུ་གོམས་པ་ལས། འདོད་འཇིགས་མྱ་ངན་སོགས་དང་མཚུངས་པར་རྟོག་མེད་གསལ་སྣང་འཁྲུལ་པ་ཅན་ཞིག་སྐྱེ་ལ། དེ་ལ་བརྟེན་ནས་དུ་སོགས་འཆར་ཏེ། མདོར་ན་རྣམ་རྟོག་འཁྲུལ་པའི་རྒྱུ་ལས་བྱུང་བའི་ཕྱིར། ཡེ་ཤེས་ཀྱི་དབུ་མ་ལ་རིག་མི་ཐུབ་བོ། ལུགས་འདིའི་སྟོང་གཟུགས་ནི་རྣམ་པར་མི་རྟོག་པའི་སེམས་ཀྱིས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཕྱིར། ཐོག་མར་རགས་པའི་རྩ་དབུ་མ་ལ་བརྟེན་ནས་དེ་མ་ཐག་ཏུ་ཡེ་ཤེས་ཀྱི་རྩ་དབུ་མ་ལ་རེག་པར་འགྱུར་བའི་ཕྱིར་ཏེ། སྒོམ་བྱེད་ལམ་གྱི་ཡེ་ཤེས་དང༌། བསྒོམ་བྱ་ཡེ་ཤེས་ཀྱི་རྩ་གཉིས་ཀར་མི་རྟོག་པའི་ཡེ་ཤེས་སུ་མཚུངས་པའི་ཕྱིར་དེས་དེ་ལ་གནད་དུ་བསྣུན་ཐུབ་ལ། རྣམ་རྟོག་བསྒོམས་པས་ཡེ་ཤེས་ཀྱི་རྩ་ལ་གནད་དུ་བསྣུན་མི་ཐུབ་སྟེ། བཅོས་མ་དང་བཅོས་མིན་གྱི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར། ནམ་མཁའ་ལ་ཁུ་ཚུར་བསྣུན་མི་ནུས་པ་བཞིན་ནོ།། མདོར་ན་རྟོག་པ་ལས་བྱུང་བའི་རྟགས་སྣང་དང་མི་རྟོག་པ་ལས་བྱུང་བའི་རྟགས་སྣང་མི་འདྲ་བར་ཤེས་པར་བྱའོ།། སྤྱིར་འདི་ལ་མུ་བཞི་ཡོད་དེ། རྟོག་བཅས་ཀྱི་སྒོམ་པ་ཡིན་ཞིང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་དང་མི་བསྣུན་པ་གཉིས། རྟོག་མེད་ཀྱི་སྒོམ་པ་ལའང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་དང་མི་བསྣུན་པ་སྟེ་བཞིའོ།།

གཏུམ་མོ་འཁོར་ལོ་བཞི་པ་ལྟ་བུ་གསང་སྔགས་ནང་པའི་ཕྲ་ཐིག་གི་རྣལ་འབྱོར་རྣམས་ནི། རྟོག་བཅས་ཡིན་ཞིང་ལུས་ལ་གནད་དུ་བསྣུན་པའི་མུ་ཡིན་ལ། བོད་ཡུལ་འདིར་སེམས་ཁྲིད་དུ་གྲགས་པའི་མི་རྟོག་པ་རྣམས་ནི་མི་རྟོག་པ་ཡིན་ཡང་ལུས་ལ་གནད་དུ་མི་བསྣུན་པའི་མུའོ།། དཔྱད་སྒོམ་གྱི་སྟོང་ཉིད་སྒོམ་པ་དང༌། ངེས་འབྱུང་སྙིང་རྗེ་ཕལ་བ་སོགས་རྣམ་རྟོག་ཀྱང་ཡིན་ལ་རྡོ་རྗེའི་ལུས་ལ་གནད་དུ་མི་བསྣུན་པའི་མུའོ།།

རྡོ་རྗེའི་རྣལ་འབྱོར་འདི་ནི་རྣམ་པར་མི་རྟོག་པའི་སྒོམ་པ་ཡང་ཡིན་ལ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མུའོ།། དེ་དག་ལས་བོད་ཡུལ་འདིར་གྲགས་པའི་ཕྱག་རྫོགས་ཞི་གཅོད་ལ་སོགས་པ་ལ་ཕལ་ཆེ་བ་ནི། རྫོགས་རིམ་ཡིན་པར་འདོད་ཅིང་གྲགས་མེོད་ཀྱང༌། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་མེད་པའི་ཕྱིར་དང༌། ཐེག་ཆེན་མདོ་ལུགས་དང༌། ཉན་ཐོས་དང༌། ཁ་ཅིག་འཇིག་རྟེན་པའི་ཏིང་ངེ་འཛིན་ཀུན་དང་ཡང་ཐུན་མོང་ཡིན་པའི་ཕྱིར་རྫོགས་རིམ་མ་ཡིན་ལ། ཡང་ཁ་ཅིག་རྫོགས་རིམ་གྱི་སྐད་ དོད་ནི་ཥ་པནྣ་མ་བཅོས་པ་དང༌། མ་བརྟགས་པ་ལ་འཇུག་ཅིང༌། པ་རི་ནི་ཥཔནྣ་ཅེས་པ་ཡོངས་སུ་གྲུབ་པ་ལའང་འཇུག་པས། སྒྲ་བཤད་དེ་དག་ཚང་པའི་ཕྱིར་རྫོགས་རིམ་ཡིན་ནོ་སྙམ་ན། སྒྲ་བཤད་ཕྱོགས་རེ་ཚང་བ་ཙམ་གྱིས་དེ་དང་དེ་ཡིན་པར་མི་འགྱུར་ཏེ། ཆུ་ལས་སྐྱེས་དང་ཆུ་སྐྱེས་བཞིན། ཅེས་པ་ལྟར་ཡིན་པ་དང་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།།

གཞན་ཡང་ཤེར་མདོ་དང༌། རྒྱུད་བླ་དང༌། ཟླ་བ་སྒྲོན་མེའི་མདོ་དང༌། རིག་ཚོགས་ཀྱི་གཞུང་ལ་སོགས་པའི་དངོས་བསྟན་ཡིན་པར་ཁས་ལེན་བཞིན་དུ། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྫོགས་རིམ་ཡང་ཡིན་ནོ་ཞེས་སྨྲ་བ་ནི། ཆེས་འགལ་པར་སྨྲ་བ་ཡིན་མོད་ཀྱི། ཕྱོགས་འཛིན་གྱི་གདོན་གྱིས་བསླད་པས་རིག་པ་རྣལ་མར་མེད་པ་དེ་དག་ལ་སྨྲས་ཀྱང་དགོས་པ་མི་སྣང་བས་རེ་ཞིག་བཏང་སྙོམས་སུ་བཞག་གོ། དམིགས་བཅས་ཀྱི་གཏུམ་མོ་དང༌། ཡིག་འབྲུ་དང༌། ཐིག་ལེ་དང་རླུང་དང༌། འོད་ཟེར་འགྲོ་འོང་ལ་དམིགས་པ་སོགས་དང༌། རགས་པའི་ཁམས་ཙམ་ཁོ་ན་ལ་འགྲོ་འོང་གི་བྱ་བ་བྱེད་ནུས་ཀྱི། ལས་རྒྱ་ཡེ་རྒྱ་སོགས་འདི་རྣམས་ཀྱང་རྫོགས་རིམ་དངོས་མ་ཡིན་ཏེ་རྣམ་པར་རྟོག་པའི་སྒོམ་པ་ཡིན་པའི་ཕྱིར་དང༌། ཁ་ཅིག་ལུས་ངག་གི་བྱ་རྩོལ་གཙོ་བོ་སྟོན་པའི་རྣམ་འགྱུར་ཙམ་ཡིན་པའི་ཕྱིར་རོ།།

འོ་ན་འདི་དག་རྒྱུད་གཞུང་ཚད་ལྡན་ནས་རྫོགས་རིམ་དུ་བཤད་པ་མིན་ནམ་ཞེ་ན། འདི་དག་ཀྱང་མན་ངག་གི་གནད་དང་ལྡན་ན་རྫོགས་རིམ་གྱི་ཉེ་བའི་རྒྱུ་བྱེད་པ་ཡོད་ཅིང༌། རྫོགས་རིམ་དང་རྣམ་པ་འདྲ་བ་ཉིད་ཀྱི་ཕྱིར། རྫོགས་རིམ་གྱི་མིང་གིས་བཏགས་པ་སྟེ། འདི་དག་གི་རགས་པའི་རྩ་དབུ་མར་བེམ་ཆོས་ཀྱི་རླུང་ཐིམ་པ་སོགས་དང༌། རྡུལ་ཆོས་ཀྱི་ཐིག་ལེ་འཆིང་བ་ཙམ་སོགས་ཡོད་པས། ལུས་ལ་གནད་དུ་བསྣུན་པ་ཙམ་ཡིན་མོད། ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་ལ་རེག་པར་མི་ནུས་པ་དང༌། གནས་ལུགས་སྒོམ་པའང་མ་ཡིན་པའི་ཕྱིར་དང༌། རྣམ་པར་རྟོག་པ་ཅན་ཉིད་ཀྱི་ཕྱིར་རྫོགས་རིམ་དངོས་མ་ཡིན་ཏེ། བསྐྱེད་རིམ་དངོས་དང་རྫོགས་རིམ་བཏགས་པ་བ་ཡིན་ཞེས་བྱའོ།།

དེ་ལྟ་ན་ཡང་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཙམ་ནི་ཡིན་ཏེ། དབང་བསྐུར་བ་དང་ལྷ་བསྒོམ་སྔགས་བཟླས་ལ་སོགས་པ་བཞིན་ནོ།། མི་རྟོག་པ་མ་ཡིན་ཞིང་ལུས་ལ་གནད་དུ་བསྣུན་པ་ཡང་མ་ཡིན་པའི་མུ་རྣམས་ནི། དངོས་སུ་རྫོགས་རིམ་མ་ཡིན་པར་མ་ཟད། དེ་དག་རྫོགས་རིམ་ཡིན་ཞེས་སྨྲ་མཁན་ཡང་ཆེར་མེད་པས་དཔྱད་པ་མི་དགོས་མོད། ཡང་རྣམ་པ་གཅིག་ཏུ་ན་མུ་གསུམ་པོ་དེ་དག་ཐམས་ཅད་ཀྱང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རྒྱུད་སྦྱང་བའི་ཐབས་དང༌། སྔོན་འགྲོར་ནི་འགྱུར་དུ་རུང་བ་ཤ་སྟག་ཡིན་པས། རྡོ་རྗེའི་རྣལ་འབྱོར་འདི་ལ་བརྟན་པ་ཅུང་ཟད་ཐོབ་ན། དེ་དག་ལ་འདིས་རྒྱས་བཏབ་སྟེ་བསྒོམས་ན། ལམ་འདིའི་བོགས་འདོན་དུ་འགྲོ་བ་དང༌། གསེར་འགྱུར་རྩིས་ལྕགས་གསེར་དུ་འགྱུར་བ་ལྟར་དེ་དག་ཀྱང་རྫོགས་རིམ་དུ་གནས་འགྱུར་བའི་སྐབས་ནི་ཡོད་དོ།།

དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་གནས་ལུགས་བསྒོམ་པ་ཡང་ཡིན། སྒོམ་པ་དེ་ཁོ་ནས་རྡོ་རྗེའི་ལུས་ལ་ཕྱིན་ཅི་མ་ལོག་པར་གནད་དུ་བསྣུན་པ་ཡང་ཡིན་པའི་གཞི་མཐུན་པ་ཞིག་བྱུང་ན། དེ་ནི་རྫོགས་རིམ་དངོས་ཡིན་ཏེ། དེ་ཡང་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ལས་གཞན་ལ་མེད་དོ།།

ཡང་འདི་སྙམ་དུ་ད་ལྟ་ཕྱག་ཆེན་དུ་གྲགས་པ་འདི་ལྟ་བུ་མི་རྟོག་པའི་གནས་ལུགས་བསྒོམ་པ་ཡིན་ལ། དེའི་སྟེང་དུ་གཏུམ་མོ་དང་ལས་རྒྱ་སོགས་ཀྱིས་རྡོ་རྗེ་ལུས་ལ་གནད་དུ་བསྣུན་ན་བདེ་སྟོང་ཕྱག་ཆེན་དུ་འགྱུར་བ་དང༌། མི་རྟོག་པ་དང་ལུས་ལ་གནད་དུ་བསྣུན་པ་གཉིས་ཀར་ཚང་བས། རྡོ་རྗེའི་རྣལ་འབྱོར་དང་ཁྱད་མེད་པར་འགྱུར་སྙམ་ན། ཉམས་མྱོང་རྣམ་པ་འདྲ་རུང་ཡོད་དུ་ཆུག་ཀྱང༌། དེ་ནི་རྒྱུ་ཐ་དད་གཉིས་འདུས་པའི་བཅོས་མ་ཡིན་པས། ཡེ་ཤེས་ཀྱི་རྩ་སོགས་ལ་གནད་དུ་བསྣུན་མི་ནུས་ཏེ། རྩི་བརྒྱ་མང་དུ་སྡོམས་ན་ཡང༌།། ཁང་པའི་གདུང་མ་བཟོད་པར་དཀའ།། ཞེས་པ་ལྟར་ཡིན་པས་སོ།།

རྡོ་རྗེའི་རྣལ་འབྱོར་འདིར་ནི་ཐབས་གཞན་གྱིས་བྱས་པ་མ་ཡིན་པར་མི་རྟོག་པའི་ཡེ་ཤེས་གཅིག་པོ་དེས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པར་བྱེད་པ་ཡིན་པའི་ཕྱིར་ཤིན་ཏུ་ཁྱད་ཆེ་སྟེ་སྐར་མའི་ཚོགས་པ་དང་ཉི་མ་བཞིན་ནོ།། འདིར་གང་ལ་གནད་དུ་བསྣུན་རྒྱུའི་རྡོ་རྗེའི་ལུས་ནི་སྟེང་འོག་རྩ་དྲུག་དང༌། རྩ་འཁོར་ལོ་དྲུག་དང༌། དེ་དག་གི་རླུང་དང་ཐིག་ལེ་སོགས་ཡིན་གྱི། ལུས་ཙམ་པོ་ལ་མི་འཇོག་གོ། དེ་ལྟར་ན་ལམ་ཐམས་ཅད་ལས་ཆེས་ཁྱད་པར་དུ་གྱུར་པའི་རྡོ་རྗེའི་རྣལ་འབྱོར་འདི་ནི། ཉམས་མྱོང་ལ་ཞག་དུས་ཐེབས་པ། གྲུབ་ཐོབ་ལ་ཟླ་དུས་ཐེབས་པ། སངས་རྒྱས་ལ་ལོ་དུས་ཐེབས་པའི་ཆོས་གཞན་གང་དང་ཡང་མི་མཉམ་པ་ཡིན་ནོ།། འདི་དག་ལ་གོང་དུ་བཤད་པ་ལྟར་གོ་བ་ཆགས་དགོས་ལ། འཁྲིད་འདེབས་པའི་སྐབས། སྤྲོས་བཤད་དང་མཐའ་གཅོད་དེ་དག་འཆད་མི་འཆད་སྐབས་དང་བསྟུན་འཚལ། དེ་ཡན་ཆད་ནི་འཁྲིད་དམིགས་མ་ཚུགས་གོང་ཐོག་མའི་འཇུག་སྒོའི་སྐབས་ཀྱི་གསུང་བགྲོས་ཡིན་ཏེ། ཆོས་ཐུན་གསུམ་བཞི་ལྔ་སོགས་ཇི་ལྟར་འཚམས་པ་རེ་མཛད་དོ།།

སྔོན་འགྲོ་ཐུན་མོང་བའི་དམིགས་པའི་སྐབས་སུ་འདི་སྐད་ཅེས། སྦྱོར་དྲུག་ལ་བོད་སྔ་རབས་པ་རྣམས་ཀྱི་ཡིག་རྙིང་རྣམས་སུ་བསྡུས་པ་ཙམ་དང༌། འཐོར་ཐབས་སུ་ཡོད་པ་དང༌། མན་ངག་གབ་པའི་ཕྱིར་ཁྲིགས་ཆགས་སུ་བསྒྲིགས་པ་ཙམ་མེད། སྔོན་ཤིན་ཏུ་བཀའ་ཡང་གཉན་པ་ལ། ཆོས་རྗེ་ཀུན་སྤངས་ཆེན་པོས་ཡུན་རིང་དུ་དགོངས་པ་གཏད་དེ། ཡི་དམ་མཁའ་འགྲོ་རྣམས་ལ་གསོལ་བ་བཏབ་པ་ན། ཆོས་རྒྱལ་རིགས་ལྡན་རྣམས་དང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་བཀས་གནང་བ་བྱུང་བ་ལ་བརྟེན་ནས་བཀའ་རྒྱ་བཀྲོལ་ཏེ། འཁྲིད་ཡིག་རྒྱས་པ་མཛད། ཀུན་སྤངས་ཆེན་པོའི་འཁྲིད་ཡིག་འདི་སྦྱོར་དྲུག་གི་འཁྲིད་ཡིག་ཁྲིགས་ཆགས་མ་ཀུན་གྱི་ཐོག་མ་ཡིན་པའི་ཕྱིར་དང༌། བརྒྱུད་པ་ཁུངས་ལྡན་གྱི་སྦྱོར་དྲུག་ཕལ་ཆེ་བ། ཆོས་རྗེ་འདི་ལས་བརྒྱུད་པའང་ཡིན་པའི་ཕྱིར། རང་གི་བློས་བཏགས་གཙོ་བོར་བྱས་པའི་ཡི་གེ་རྣམས་མ་གཏོགས། སྦྱོར་དྲུག་གི་འཁྲིད་ཡིག་ཕྱི་མ་ཕལ་ཆེ་བ་ཡང༌། འདི་ལ་གཞི་རྟེན་མཛད་པ་ཡིན་ནོ།། དེ་ཡང་ཅི་ལྟ་བུ་ཞེ་ན། མཁས་མཆོག་བུ་སྟོན་རིན་པོ་ཆེའི་ལུགས་ཀྱང༌། དང་པོར་མཁན་ཆེན་ཐར་ལོ་ལ་བི་བྷུ་ཏིའི་ལུགས་ཅིག་གསན། རྗེ་རོང་པ་རྡོ་རྗེ་རྒྱལ་མཚན་ལ་དབང་རྒྱུད་ཞིབ་མོར་གསན་ཀྱང༌། རྭ་བའི་སྦྱོར་དྲུག་ལ་ཚིག་ཁྲིད་མ་གཏོགས་དོན་ཁྲིད་མི་བཞུགས་པས། སྦྱོར་དྲུག་མཐའ་རྒྱས་རང་དེ་ཕྱིས་འཕགས་འོད་ཡོན་ཏན་རྒྱ་མཚོ་ལ་གསན་པ་ཡིན་ནོ།། ཁོང་གིས་ཀུན་སྤངས་ཆེན་པོ་ལ་སྦྱོར་དྲུག་གི་ཉམས་ཁྲིད་དང༌། རྒྱུད་སྙིང་གི་བཤད་པ་ཚར་མང་དུ་གསན། བྱང་སེམས་རྒྱལ་བ་ཡེ་ཤེས་ལ་ཡང་གསན་ཏེ། བུ་ལུགས་ཀྱི་སྦྱོར་དྲུག་ཀྱང་གཙོ་བོར་ཀུན་སྤངས་ཆེན་པོ་ལས་བརྒྱུད་པ་ཡིན་ཞིང༌། འཁྲིད་ཡིག་མཛད་པའང༌། ཀུན་སྤངས་ཆེན་པོའི་འཁྲིད་ཡིག་ལ་རྩོམ་གདན་མཛད་པར་འདུག། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པས་ཀྱང༌། དང་པོར་ཀུན་སྤངས་ཆེན་པོའི་དངོས་སློབ་བྲག་ཁ་བ་གྲགས་པ་སེང་གེ་ལ་གསན། ཡང་ཀུན་སྤངས་ཆེན་པོའི་དངོས་སློབ་སྲོན་པ་ཀུན་རྒྱལ། དེའི་སློབ་མ་སྲོན་པ་ཆོས་དཔལ་བཟང་པོ་དང༌། སྲོན་པ་བསོད་ནམས་རྒྱལ་མཚན་གཉིས་ཀ་ལ་ཉམས་ཁྲིད་དུ་གསན། ཕྱིས་བ་སྟོན་རིན་པོ་ཆེ་ལའང་གསན། འཁྲིད་ཡིག་རྩོམ་པར་མཛད་པ་ནི་སྲོན་ལུགས་གཙོ་ཆེ་བས། ཀུན་སྤངས་ཆེན་པོའི་བཀའ་སྲོལ་ཉིད་ཡིན་ནོ།།

ཡང་ཨོ་རྒྱན་བསྙེན་སྒྲུབ་ཏུ་གྲགས་པ་ནི། ཀུན་སྤངས་ཆེན་པོ་དང་དུས་མཉམ་དུ་བྱུང་བ་ཡིན། སྤུངས་བཀྲ་ཨོ་རྒྱན་པ་རིན་ཆེན་དཔལ་བ་རང་གིས་ཞལ་གཟིགས་ཀྱི་ཆོས་ཡིན་གྱི། ལོ་པཎ་སྡེབས་པ་རྒྱ་གར་ནས་བསྒྱུར་བ་མ་ཡིན། རྒྱ་གར་པབྱྜི་ཏ་ནགས་རིན་གྱི་ལུགས་ནི་དུས་ཕྱིས་བྱུང་བ་ཡིན། དེ་མིན་གཞན་བར་སྐབས་དང་ཕྱིས་སྦྱོར་དྲུག་གི་མན་ངག་བྱུང་བ་ཐམས་ཅད། ཀུན་སྤངས་ཆེན་པོ་འདི་ལས་མ་བརྒྱུད་པ་མེད་པ་ལྟ་བུ་སྟེ། ཆོས་འདིའི་བསྟན་པའི་མངའ་བདག་གཅིག་པུ་པ་ཡིན་ནོ།། དེས་ན་ཀུན་སྤངས་ཆེན་པོའི་གསུང་ལ་བརྟེན་པར་འདྲ་ཡང༌། བརྒྱུད་པ་གཞན་འགའི་ལུགས་ཀྱིས། སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་མི་འབྱེད་པར། སྔོན་འགྲོའི་ཁྲིད་ཐུང་གསུམ་ཞེས་མདོར་བསྡུས་རེ་མཛད་པའི་ལུགས་འདུག་ཀྱང༌། ལས་དང་པོ་པ་ལ་སྔོན་འགྲོས་རྒྱུད་སྦྱོང་བ་གལ་ཆེ་བས། དཔལ་ཇོ་ནང་བའི་ལུགས་ཀྱི་སྔོན་འགྲོ་རྒྱས་པར་མཛད་པས། ཐུན་མོང་གི་སྔོན་འགྲོ་རང་ལའང་དམིགས་སྐོར་ལྔ་བྱེད་པ་ལགས།

༼རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ལྷ་འཐབས་འོད་བརྒྱ་འབར་བ་ལས་ཁོལ་དུ་བྱུང་བའོ།།༽

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།