ཕྱི་ལོ་ ༢༠༠༢ ཟླ་ ༦ ཚེས ༡༢ སྐུའི་བླ་གཟའ་སྟེ་རེས་གཟའ་ལྷག་པའི་ཉིན། སྐྱབས་མགོན་རྗེ་བཙུན་དམ་པས་དབུས་ཇོ་ནང་མ་དགོན་དབུ་ལས་འདུས་གྲྭ་ཡོངས་ཀྱིས་རིང་ནས་གསོལ་འདེབས་ཞུས་དོན་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སིམ་ལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་བཀའ་ཕེབས་གསལ། “དེ་རིང་ནས་ཉིན་བཞིའི་རིང་ཇོ་ནང་ཁྲིད་བརྒྱའི་བཤད་ཁྲིད་ཀྱི་ཆོས་འབྲེལ་བྱེད་རྒྱུ་ཡིན་ཞིང་། ངོས་རང་སྒེར་གྱི་ངོས་ནས་བཤད་ན་ཡང་སྐལ་བ་བཟང་པོ་ཞིག་ཡིན་ལ། ཁྱེད་རང་སློབ་མ་རྣམས་ནས་ཀྱང་ཀུན་སློང་རྣམ་པར་དག་པའི་སྒོ་ནས་ཉན་ཏེ། ཆོས་འཆད་ཉན་བྱས་པའི་འབྲས་བུར་སེམས་རྒྱུད་བཟང་པོ་ཞིག་ཡོང་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ངོས་ནས་ཇོ་ནང་ཁྲིད་བརྒྱ་སྤྱིའི་ཁྲིད་ལུང་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་ཞུས་པ་དང་། ཁྲིད་བརྒྱའི་ནང་ཁ་སྐོང་གི་ཆོས་སྐོར་མང་པོ་ཞིག་ཡོད་པ་དེ་དག་ཆ་ཚང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་དྲུང་ནས་ཞུས་པ་ཡིན། ཁྲིད་བརྒྱའི་མན་ངག་གི་བརྒྱུད་པ་རིང་དུ་གནས་པའི་སླད་རང་རེས་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་དུ་མཐོང་བར་བརྟེན་ད་རེས་མན་ངག་ཆ་ཚང་གི་བཤད་ལུང་འབུལ་རྒྱུ་ཡིན་པས་ཚང་མས་རྒྱུད་ཐོག་ལ་སྦྱར་ནས་ཉམས་ལེན་ཚུལ་བཞིན་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། དགོན་པའི་ནང་དགེ་འདུན་པའི་གྲངས་ཀྱི་མང་ཉུང་ལ་ཁྱད་པར་དེ་ཙམ་མེད། གལ་ཆེ་ཤོས་ནི་གང་ཡོད་པ་དེ་དག་གིས་ཐོས་བསམ་ཉམས་ལེན་ཡག་པོ་དགོས་པ་ཡིན། གང་ལྟར་སླད་ཇོ་ནང་པའི་རང་ལུགས་བཞེད་སྲོལ་གྱི་རྒྱུན་བཟང་པོ་དེ་དག་ཆ་ཚང་རྒྱུན་འཛིན་ཐུབ་པ་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། དེ་ལྟར་བྱུང་ན་སླད་གཞིས་བྱེས་མཉམ་འཛོམས་ཀྱི་སྐབས་སུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་ཇོ་ནང་རང་གི་བསྟན་པ་རྒྱས་པའི་ཐོག་ཞབས་འདེགས་ཆེན་པོ་བསྒྲུབ་ཐུབ་པ་ཡོང་རྒྱུ་ཡིན་”ཞེས་སོགས་བཀའ་སློབ་སྩལ་ཅིང་། ཇོ་ནང་ཁྲིད་བརྒྱའི་ཁྲིད་ཚུལ་གསུམ་ལས་བཀའ་སྲོལ་མཆོག་གི་ཁྲིད་ཚུལ་ལྟར། ཁྲིད་བརྒྱའི་བཤད་ལུང་གི་དབུ་བརྩམས།།