གཙང་ཆེན་གཟིམས་ཁང་ཕོ་བྲང་གི་རྡོ་རྗེ་སློབ་དཔོན་ཆེན་མོ་༧ཇོ་ནང་བསྟན་པའི་མངའ་བདག་མཆོག་སྤྲུལ་འཇིགས་མེད་རྡོ་རྗེའམ་འཇིགས་མེད་འཕྲིན་ལས་རྣམ་རྒྱལ་གང་ཉིད་ནི། མདོ་སྨད་རྔ་ལྗོངས་བསུ་བ་རུ། ཡབ་ཡུལ་སྐྱོང་དང་། ཡུམ་གཡང་སྐྱིད་ཅེས་རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ཕྱི་ལོ་ ༡༩༤༤ ལོར་ངོ་མཚར་གཟུགས་སྐུའི་ལང་ཚོ་གསར་དུ་བཞད། དེ་ནས་བསེ་དགོན་ཕྱོགས་ལས་རྣམ་རྒྱལ་གླིང་གི་བླ་སྤྲུལ་རྣམས་གྱིས་རྗེ་འདི་ནི་སྤྲུལ་བའི་སྐུ་དམ་པ་ཞིག་ཡིན་ཞེས་མཚན་གསོལ་ཏེ་གསེར་ཁྲིར་མངའ་གསོལ་མཛད། དེ་ནས་འཛམ་ཐང་གཙང་ཆེན་དགོན་པར་ཆིབས་ཁ་བསྒྱུར་ཏེ་ཕེབས་པ་ན་རྗེ་ཉིད་ཀྱི་ཁུ་བོ་པདྨ་དབང་དྲག་རྩལ་གྱིས་གཙང་བ་སྐུ་འབྲིང་གི་ཡང་སྤྲུལ་འཁྲུལ་མེད་དུ་ལུང་གིས་བསྔགས་ཤིང་། རྒན་མཁས་བཙུན་དང་ཆོས་གོ་རྣམ་གཉིས་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་བསླབ་པ་ཙམ་གྱིས་ཐོག་མེད་དུ་མཁྱེན་རྩལ་འབར། དེ་སྐབས་རྡོ་རྗེ་སློབ་དཔོན་ཤུག་ནང་བླ་མ་ངག་དཔལ་དང་བྱ་ཡུལ་བླ་མ་བསྟན་པ་རབ་རྒྱས་རྣམ་གཉིས་ཀྱིས་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་གཙང་བ་སྐུ་འབྲིང་གི་ཡང་སྤྲུལ་དུ་ལུང་གིས་བསྔགས། དེ་མིན་མ་ཎི་བླ་མ་པདྨ་བདེ་ཆེན། བཀའ་ཆོས་བླ་མ་སང་སང་དུང་དཀར་སྤྲུལ་སྐུ་ངེས་དོན་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མས་སྐུ་གོང་མའི་སྐྱེ་སྲིད་དུ་བཀའ་ལུང་གསེར་གི་ཐིགས་པ་གསེར་ལྡན་འཛིན་མའི་འཕང་བར་འཐོར་རོ།།
དེ་ནས་འཕྲལ་ཕུགས་ཀྱི་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་རིམ་བཞིན་ཡི་གེ་འབྲི་ཀློག་སུམ་རྟགས་དག་གསུམ་སོགས་ལ་སློབ་གཉེར་རྒྱ་ཆེར་བྱས། འབྲོག་དགེ་མཁྱེན་རབ་རྒྱ་མཚོའི་མདུན་ནས་དགེ་ཚུལ་གི་སྡོམ་པ་བཞེས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་དཀོན་མཆོག་དར་རྒྱས་དང་། ངག་དབང་བློ་གྲོས་གྲགས་པ་རྣམ་གཉིས་ཀྱི་མདུན་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་གྱི་གདམས་པ་གསན་ནས་རྣལ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་པས་ཉམས་རྟོགས་ཀྱི་འབྲས་བཟང་རབ་ཏུ་སྨིན་ཏེ་ངེས་གསང་བསྟན་པའི་མཛོད་ལ་མངའ་མཉེས་པར་གྱུར། དུས་ཀྱི་འཕོ་འགྱུར་གྱི་དབང་གིས་རྒྱལ་བསྟན་ཉམ་ཆུང་བའི་སྐབས་སུ་རྗེ་འདི་ཉིད་དབེན་གནས་རྣམས་སུ་སྒྲུབ་པ་ཉམས་ལེན་མཛད་དེ་གྲུབ་པའི་གཙུག་རྒྱན་དུ་གྱུར། དགུང་གྲངས་ཉི་ཤུའི་སྐབས་སུ་རྡོ་རྗེ་སློབ་དཔོན་བླ་མ་ཐུགས་རྗེ་དཔལ་སོགས་དགེ་འདུན་གྲངས་ཚང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་བཞེས་མཛད། མངོན་ལྐོག་དུ་མར་རྩི་ནང་བླ་མ་མཁས་བཟང་དང་། བླ་མ་ཐུགས་རྗེ་དཔལ་དང་། མཁར་བླ་ཤེས་རབ་ཆོས་འཕེལ་དང་། འབྲོག་དགེ་སྤྲུལ་སྐུ་བློ་གྲོས་རྣམ་རྒྱལ། ངེས་དོན་བསྟན་པའི་མངའ་བདག་རྗེ་བཙུན་ཡོན་ཏན་བཟང་པོ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ། ཆོས་བཀའ་དབང་ལུང་མན་ངག་གི་མཛོད་ཀློང་དུ་གྱུར། གཞན་ཡང་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་བཅུ་ཕྲག་དུ་མའི་ཞབས་རྡུལ་ནོར་བུའི་རེ་ཁཱ་སྤྱི་གཙུག་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ་བཀོད་དེ། གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལས་བརྒྱུད་པའི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་སྤྱི་དང་། ཁྱད་པར་རྒྱལ་བ་ཇོ་ནང་བ་ཆེན་པོའི་ཟབ་བཀའ་ཡོངས་རྫོགས་ཀྱི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་བཅས་ལྷག་ལུས་མེད་པར་གསན་བསམ་མཛད་པར་མ་ཟད། སྒོམ་སྒྲུབ་ཀྱང་ཚད་དང་ལྡན་པར་མཛད་པས་རྟོགས་པའི་རང་རྒྱུད་གྲོལ་ནས་གསང་གསུམ་གྱི་ཡོན་ཏན་ཟད་མི་ཤེས་པ་ལ་མངའ་དབང་འབྱོར་བར་གྱུར། མདོར་ན་དགེ་བའི་བཤེས་གཉེན་དུ་མ་ལས་འདུལ་བ་ཀཱ་རི་ཀཱ་ལྔ་བཅུ་བ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བར་གྱི་དམ་ཆོས་བདུད་རྩིའི་བགོ་སྐལ་མཐའ་དག་བུམ་པ་གང་བྱོས་ཀྱི་རྣམ་པར་ལྷག་མེད་དུ་བཞེས་ཏེ། མཚན་སྙན་གྱི་གྲགས་པ་འབྲུག་སྟོང་ལྟར་ལྡིར་ཞིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བ་དན་སྲིད་རྩེར་བསྒྲེངས་སོ།།
གཞན་ཡང་མཛད་འཕྲིན་གྱིས་གཞན་རྒྱུད་སྨིན་པར་བྱས་ཚུལ་ཡང་། ངག་དབང་དཀོན་མཆོག་དར་རྒྱས་སོགས་སྐྱེས་ཆེན་དུ་མས་བཀའ་ལུང་ལྟར་ཕྱི་ལོ་ ༡༩༩༤ ལོར་གཙང་ཆེན་དགོན་པའི་རྡོ་རྗེ་སློབ་དཔོན་བཅུ་བ་ཆེན་པོ་རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོས་གཙོས་ཆེ་དགུ་རྣམས་ཀྱིས་རྡོར་དྲིལ་དང་ཁྲིད་ཡིག་མཐོང་བ་དོན་ལྡན་སོགས་རྗེ་འདི་ཉིད་ལ་ཕུལ་ནས་རྗེ་འདི་ཉིད་འབྲོ་ལུགས་ཀྱི་ཁྲི་རབས་ཞེ་བདུན་པ་དང་། གཙང་བའི་རྡོ་རྗེ་སློབ་དཔོན་བཅུ་གཅིག་པར་དབང་བསྐུར་ཏེ་གདན་སར་བཀོད།
དེ་མིན་ཕྱི་ལོ་ ༢༠༠༢ ལོར་གཙང་ཆེན་གསེར་ཁྲི་བརྒྱད་པར་མངའ་གསོལ་བ་ལྟར་ལོ་མང་པོར་གཙོ་འགན་བདག་གིར་མཛད། གཞན་ཡང་རྗེ་བཙུན་ཡོན་ཏན་བཟང་པོའི་དགོངས་རྫོགས་ཀྱི་མཇུག་ཏུ་རྗེ་བཙུན་བླ་མས་ཐུགས་བཀོད་ལྟར་མཆོག་སྤྲུལ་འཇམ་དབྱངས་བློ་གྲོས་དང་ཁོང་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་རྗེ་བཙུན་ཏཱ་ར་ནཱ་ཐ་དང་། སྐྱབས་མགོན་མ་ཏི་སོགས་ཀྱིས་མཛད་པའི་རྒྱུད་སྡེའི་ཆོ་ག་བརྒྱ་ཕྲག་ཙམ་གྱི་ཚོགས་གསར་འཛུག་མཛད། དེ་ནས་བཟུང་གཙང་ཆེན་དགོན་དང་རྩི་ནང་དགོན། བྱ་ཡུལ་དགོན་དང་ཆོས་སྒར། དར་སྐུ་དགོན་སོགས་ཀྱི་རྡོ་རྗེ་སློབ་དཔོན་ཀྱིས་ཐུགས་འགན་བཞེས་ཏེ་གདུལ་བྱ་རྣམས་ལ་བུམ་པ་གང་བྱོས་ཀྱི་ཚུལ་དུ་དབང་ལུང་ཁྲིད་གསུམ་གྱི་བདུད་རྩིའི་རྒྱུན་བཟང་བསྩལ་པའོ། ། རབ་རྒྱལ་ཤིང་བྱ་ཕྱི་ལོ་ ༢༠༠༥ ལོར་བཤད་བསྒྲུབ་བསྟན་པའི་གནས་གཞི་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་དགོན་ཁག་ལྔ་བཅུ་ལྷག་གི་བླ་སྤྲུལ་བསྟན་བདག་དང་སྐུ་ཚབ་མཉམ་འཛོམས་ཀྱི་སྒོ་ནས་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཀྱི་བློ་འདྲི་ལྷན་ཚོགས་ཀྱི་ཚོགས་གཙོར་མངའ་གསོལ་མཛད། ཕྱི་ལོ་ ༢༠༡༤ ལོར་ཇོ་ནང་བའི་དགོན་མ་ལག་གྲུབ་སྡེ་ཡོངས་ཀྱི་བླ་སྤྲུལ་མཁན་དགེ་བའི་བཤེས་གཉེན་མཉམ་དུ་འཛོམས་པའི་ཚོགས་དབུས་སུ་ཇོ་ནང་བསྟན་པ་ཡོངས་ཀྱི་མངའ་བདག་ཆེན་པོར་གསོལ་བ་བཏབ་པ་བཞིན་ཇོ་ནང་བསྟན་བདག་གི་ཐུགས་འགན་ལེགས་བཞེས་མཛད། རྒྱལ་བསྟན་སྤྱི་དང་ཡང་སྒོས་སུ་སློབ་བུ་ཁྲི་ཕྲག་དུ་མ་ལ་ཟབ་ལམ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་དབང་ལུང་ཁྲིད་གསུམ་དང་། ཁྱད་པར་ལོ་རེ་བཞིན་སློབ་བུ་རྣམས་ལ་གཤིན་རྗེ་རབ་འབྱམས། བདེ་མཆོག་རབ་འབྱམས། གྲོལ་མཆོག་ཁྲིད་བརྒྱ། ལི་དྲིལ་ནག་གསུམ། དམར་ནག་འཇིགས་གསུམ། ནི་གུའི་བཀའ་ཕྱི་ནང་གི་དབང་། རྡོ་རྗེ་འཕྲེང་བ། རིན་འབྱུང་། རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱུད་སྡེ་ཐོར་བུ། སྦྱོང་རྒྱུད་བཅུ་གཉིས། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་། དེ་མིན་ཡི་དམ་དུ་མའི་དབང་དང་རྗེས་གནང་སོགས་དབང་ལུང་ཁྲིད་གསུམ་དང་། ཁྱད་པར་ལོ་རེ་བཞིན་སྦྱོར་དྲུག་པ་བརྒྱ་ཕྲག་དུ་མ་ལ་སྦྱོར་བ་ཡན་ལག་དྲུག་དང་། ཟབ་ལམ་ནི་གུ་ཆོས་དྲུག་ཞི་བྱེད་གཅོད་ཀྱི་གདམས་པ། མཁའ་སྤྱོད་མའི་སྐྱེད་རྫོགས་དང་། རྡོ་རྗེ་འཇིགས་བྱེད་ཀྱི་སྐྱེད་རྫོགས་གཉིས་སོགས་རང་རང་གིས་འདོད་བློ་ལྟར་གནང་དང་གནང་བཞིན་པའོ། །གཞན་རྗེ་བཙུན་ཡོན་ཏན་བཟང་པོས་རྒྱལ་བསྟན་སྤྱི་དང་བྱེ་བྲག་མདོ་སྔགས་ཟུང་འབྲེལ་གྱི་གཞན་སྟོང་དབུ་མ་ཆེན་པོའི་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཆ་རྐྱེན་དུ་ཇོ་ནང་སྤྱིའི་མདོ་སྔགས་སློབ་གླིང་ཞིག་གསར་འཛུག་བྱེད་དགོས་པའི་བཀའ་གསུངས་ལྟར་མཆོག་སྤྲུལ་འཇམ་དབྱངས་བློ་གྲོས་ཀྱིས་གསར་བཞེངས་བྱེད་པ་མ་ཟད། ཆ་རྐྱེན་གང་དགོས་ཐམས་ཅད་ཕུན་སུམ་ཚོགས་པ་བསྒྲུབས་ནས་ཁོང་གི་གླིང་གཙོ་གཞོན་པའི་གོ་གནས་མཛད། ༧ཇོ་ནང་སྐྱབས་མགོན་ཁོང་ཉིད་ཀྱིས་སློབ་མ་བསྡུ་ལེན་དང་མཁན་པོ་གདན་འདྲེན་བྱེད་པ་སོགས་ལ་བརྟེན་ནས་གླིང་གཙོ་རྒན་པའི་གོ་གནས་མཛད་དེ་སློབ་མ་བདུན་བརྒྱ་ལྷག་ཙམ་གྱིས་བཤད་སྒྲུབ་ཀྱི་བསྟན་པ་ཇེ་རྒྱས་སུ་བཏང་། ཇོ་ནང་པའི་དགོན་མ་ལག་ཡོངས་རྫོགས་ཀྱི་རེ་འདོད་ལྟར་སྐབས་བབས་ཀྱི་རྡོ་རྗེ་སློབ་དཔོན་དང་མཁན་པོ་སོགས་བསྐོ་བཞག་བྱེད་པ་དང་། དེ་དག་གི་སྐྱིད་སྡུག་ལེགས་ཉེས་གང་ཡོད་ཐམས་ཅད་ཁོང་གིས་གཟིགས་རྟོགས་རྒྱ་ཆེར་མཛད། མདོར་ན་མཛད་པ་དང་འཕྲིན་ལས་སོགས་ཕྱོགས་གང་ཐད་ནས་རླབས་ཆེན་གྱི་སྐྱེས་བུ་ཁོང་ལྟ་བུ་ཞིག་སྔོན་ཆད་གཙང་བའི་སྐུ་ཕྲེང་རྣམས་ཀྱི་ཁྲོད་དུ་བྱོན་མ་མྱོང་བ་ལྟ་བུ་ཡིན། ཕྱི་ལོ་ ༡༩༩༨ ནས་བཟུང་གཙང་ཆེན་གཟིམ་ཁང་ཕོ་བྲང་དང་། བྱམས་ཁང་ཆེན་མོ་གསར་བཞེངས་བྱས་ཏེ་ཕྱི་ནང་གི་རྟེན་གསུམ་སྣ་ཚོགས་འཇིག་རྟེན་ན་རྙེད་པར་དཀའ་བ་དག་གདན་དྲངས། གཞན་ཡང་མཆོག་སྤྲུལ་འཇམ་དབྱངས་བློ་གྲོས་དང་ཁོང་རྣམ་གཉིས་ཀྱིས་སྨུག་འཛིན་བཙུན་མའི་ཆོས་སྡེ་ཆེན་མོ་གསར་བཞེངས་བྱེད་པ་མ་ཟད་བཙུན་མ་ལྔ་བརྒྱ་ལྷག་ལ་སྦྱོར་དྲུག་དང་། ནི་གུ། བཤད་གྲྭ་དུས་མཆོད་སོགས་བཤད་སྒྲུབ་རྒྱ་ཆེན་གསར་འཛུག་བྱས། རྗེ་ཡོན་ཏན་ཡོན་བཟང་པོའི་ནག་ཟླའི་གདུང་མཆོད་དང་ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་གཉིས་ཀྱི་སྦྱིན་བདག་བྱས་པ་མ་ཟད། ལོ་ལྟར་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་དང་གཞན་སྟོང་བགྲོ་གླེང་གི་སྦྱིན་བདག ཇོ་ནང་གཞན་སྟོང་བགྲོ་གླེང་གི་ཚོགས་གཙོ་སོགས་ཁོང་གིས་བསྐོ་བཞག་མཛད་ནས་ཚོགས་འདུ་དེ་དག་གི་སྐབས་སུ་ཁོང་རིན་པོ་ཆེ་ཚོགས་དབུས་སུ་ཕེབས་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་རྒྱལ་བ་ཇོ་ནང་བའི་བསྟན་པ་རྒྱས་ཕྱིར་དུ་མཁན་དགེ་བའི་བཤེས་གཉེན་དང་ལུང་རིགས་སྨྲ་བའི་ཇོ་ནང་པའི་གྲྭ་ཚང་ཡོངས་ལ་བཀའ་སློབ་རྒྱ་ཆེན་པོ་དུས་རྒྱུན་པར་གནང་བཞིན་ཡོད། ཕྱི་ལོ་ ༢༠༢༠ ལོར་རྩི་ནང་བདེ་ཆེན་གླིང་དུ་བླ་མ་མཁས་བཟང་གི་གདུང་མཆོད་ཀྱི་སྦྱིན་བདག་བྱས་པ་མ་ཟད་གར་ཐིག་དབྱངས་གསུམ་བཅའ་བཟོ་སོགས་རྒྱས་པ་ཁོང་གིས་གསར་འཛུག་བྱས། དེ་མིན་འཛམ་ཐང་དུ་གྲྭ་ཤག་བརྒྱ་ཕྲག་དུ་མ་བསྐྲུན་པ་སོགས་རྣམ་དཀར་འཁོར་ལོ་གསུམ་གྱི་མཛད་པ་མཐར་རྒྱས་སུ་མཛད་ཅིང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཏུ་གྱུར་ཏེ་ད་ལྟ་སྐུ་འཚོ་ཞིང་བཞུགས་པ་ལགས་སོ།། །།
One Response
བཀའ་དྲིན་ཆེ་་་་་
སྐུ་ཚེ་རིང་་་་