ཀུན་མཁྱེན་རིན་པོ་ཆེའི་མཛད་རྣམ་ཉུང་བསྡུས

དོལ་པོ་སངས་རྒྱས་ལ་བསྟོད་པ་མ་བཅོས་དབྱངས་ཀྱི་འགྱུར་ཁུག

གཞི་དབྱིངས་མི་འགྱུར་དོན་གྱི་བདེ་བ་ཆེ།།
རྣམ་ཀུན་མཆོག་ལྡན་སྟོང་ཆེན་སྒྱུ་མའི་འཕྲུལ།།
གསང་གསུམ་ཡོན་ཏན་བྱེ་བའི་དཔལ་མངའ་བའི།།
རྟོན་པ་བཞི་ལྡན་ཀུན་མཁྱེན་དོལ་པོར་འདུད།།
རྣམ་དག་ཞིང་གི་བཀོད་པ་སྟོང་བའི་རྡུལ།།
ཡེ་ཤེས་རང་སྣང་ལས་གྲུབ་སྟུག་པོ་བཀོད།།
ངོ་མཚར་སྒྱུ་མའི་རོལ་གར་མཐའ་ཡས་ལས།།
ཞིང་འདིར་རྒྱལ་བའི་སྲས་ཀྱི་རྣམ་པར་བྱོན།།
ཀུན་མཁྱེན་ཀུན་གྱི་བྱམས་བརྩེའི་རང་གཟུགས་ལྷ།།
མིག་མི་འཛུམ་པ་མི་ཡི་ཤ་ཚུག་གར།།
བསམ་བཞིན་རྣམ་པར་རོལ་བའི་མཛད་པའི་མཐའ།།
ཇི་བཞིན་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་ངལ།།
ཤེས་རབ་ལང་ཚོ་དར་བའི་ལུས་སྟོབས་ལ།།
མཁས་བཙུན་བཟང་པོའི་སྲབ་འཇམ་གོས་གྱིས་རྒྱན།།
འཆད་རྩོད་རྩོམ་པའི་སྙན་འཇེབ་རྒྱུད་མང་གིས།།
རྒོལ་ངན་ཞི་བར་མནལ་བའི་རྒྱལ་མཚན་འཕྱར།།
གང་སྐུ་མ་ལ་ཡར་སྐྱེས་ལྕུག་ཕྲན་བཞིན།།
གཞོན་ནུའི་དུས་ནས་ཕན་བདེའི་དྲི་བསུང་གི །
སྨད་བྱུང་མཛད་པས་སྐལ་བཟང་དགྱེས་བསྐྱེད་པའི།།
ལྷན་སྐྱེས་དམ་པའི་ཡོན་ཏན་ངང་གིས་རྫོགས།།
སྲིད་པའི་བདེ་འབྱོར་གློག་གི་བུ་མོའི་གར།།
སྣ་མང་སྡུག་བསྔལ་མུན་པའི་མཚང་རིག་སྟེ།།
མ་བཅོས་ངེས་འབྱུང་རྣལ་མའི་སྐྱ་རེངས་ཀྱིས།།
ཚངས་སྤྱོད་དཔལ་གྱི་ཉི་གཞོན་ཁབ་ཏུ་བསུས།།
རྒྱལ་བསྟན་སྙིང་ལ་ལྷུང་བའི་སྙིང་སྟོབས་མཆོག །
ཐོས་བསམ་སྒོམ་པའི་ཆོས་རབ་རྣམ་འབྱེད་ཀྱིས།།
བཀའ་བསྡུ་ལ་སོགས་ལེགས་བཤད་ནོར་བའི་མཛོད།།
ཐང་མར་བརྡལ་བ་ངོ་མཚར་སྨད་དུ་བྱུང་།།
མཐའ་མེད་ཤེས་བྱའི་གསང་གསུམ་མཛེས་པའི་དཔལ།།
མང་ཐོས་དགྱེས་དགུར་སྔོན་ནས་མྱོང་ཟིན་ཀྱང་།།
སླར་ཡང་གུས་རྟག་ཟུང་གི་བརྩོན་འགྲུས་ཀྱིས།།
དམ་དུ་འཁྱུད་པའི་ངང་ཚུལ་ངོ་མཚར་གནས།།
རིང་མོའི་དུས་ནས་ཡང་དག་སྦྱངས་པའི་མཐུས།།
ཇི་ལྟ་ཇི་སྙེད་ཤེས་བྱའི་གསང་གསུམ་ཁམས།།
མཁྱེན་པའི་ཆ་ཤེས་གཅིག་ལ་མངོན་གྱུར་བའི།།
རྟོགས་པའི་རྩལ་ཆེན་ནང་ནས་རྫོགས་པ་མཚར།།
སྨད་བྱུང་རྣམ་འདྲེན་བཞི་བའི་ལུང་རྟོགས་བསྟན།།
གང་གི་མཁྱེན་པའི་ཀློང་དུ་སིམ་པ་ཡིས།།
རྣམ་གསུམ་ཆོས་ཀྱི་འཁོར་ལོའི་དགོངས་པའི་གནད།།
ལེགས་པར་འབྱེད་ལ་རྒྱལ་བ་དངོས་དང་མཚུངས།།
བདེ་སྟོང་རང་བཞིན་རྒྱས་པ་གཉུག་མའི་ཁམས།།
སྣང་གྲགས་སྒྱུ་མའི་ཆོས་ཀྱི་རབ་དབེན་པའི།།
སྟོང་ཆེན་དབུ་མའི་རྒྱུད་མང་དཀྲོལ་བ་ན།།
མཁས་རློམ་ཅ་ཅོ་འདོན་རྣམས་ཞི་བར་མནལ།།
མཁས་དང་གྲུབ་པར་རློམ་རྣམས་ཕལ་ཆེར་གྱི།།
བློ་ལས་དགོང་བའི་མཐའ་བྲལ་ལྟ་བ་དང་།།
རིམ་གཉིས་ལམ་གྱི་དཀའ་གནད་མཁྱེན་དཔྱོད་ཀྱིས།།
གསལ་བར་མཛད་པ་བསྟན་པའི་དཔྱིད་དུ་ཆེ།།
རྣམ་དག་ཞིང་གི་སྲས་བཅས་རྒྱལ་རྣམས་ཀྱི།།
རིགས་བདག་དུས་ཀྱི་འཁོར་ལོ་མངོན་བྱས་ན།།
ལྷ་ཡིས་རྗེས་བཟུང་གྲུབ་པའི་ཞལ་གཟིགས་ཅེས།།
འོས་མིན་བསྔགས་བརྗོད་དར་དིར་ཆེ་བ་མིན།།
ངེས་པའི་དོན་དུ་ཟག་མེད་ཡོན་ཏན་གྱི།།
ཕུན་ཚོགས་སྤངས་རྟོགས་རྫོགས་པའི་ཉ་གང་བར།།
མུན་པ་ཟས་སུ་གསོལ་བའི་མེ་ཁྱེར་གྱི།།
འགྲན་ཟླ་མི་ནུས་ཆོས་ཉིད་ངང་ཚུལ་ཡིན།།
ཆེར་སྙིགས་དུས་ཀྱི་མུན་པའི་ཁུག་སོ་རུ།།
གདུལ་དཀའི་འགྲོ་རྣམས་ཐུགས་ཀྱི་རྩེར་བཏགས་ནས།།
འཆད་རྩོད་རྩོམ་པས་ཟབ་རྒྱས་གནང་པ་ཡི།།
མཛད་པ་མཆོག་འདི་སྟོན་པ་ཁོ་ནར་མཚུངས།།
མདོར་ན་གང་གིས་མཐའ་ཡས་ལུས་ཅན་ཀུན།།
ཚུལ་གནས་ཐོས་བསམ་སྒོམ་ལ་ངེས་སྦྱོར་བའི།།
རྣམ་པར་ཐར་པའི་མཛད་པ་དཀར་པོའི་མཐའ།།
ཇི་བཞིན་བརྗོད་པ་བློ་ཡི་ཡུལ་ལས་འདས།།
དེངས་ནས་སྐྱེ་བར་གཙང་མའི་ཁྲིམས་ལྡན་ཞིང་།།
སྨད་བྱུང་རྒྱལ་སྲས་མཆོག་གི་སྤྱོད་པ་ཡིས།།
བདེ་སྟོང་རིམ་གཉིས་རྣལ་འབྱོར་ལ་སྤྱོད་ནས།།
ཀུན་མཁྱེན་རྒྱལ་བའི་བསྟན་དང་མཇལ་བར་ཤོག །
གང་གི་ལེགས་བཤད་ཟབ་རྒྱས་བདུད་རྩིའི་རོ།།
ལོངས་སུ་སྤྱོད་ལ་ངོམས་པ་མ་མཆིས་ཤིང་།།
དེ་དོན་འཆད་རྩོད་རྩོམ་པའི་རྒྱུད་མང་སྒྲ།།
འགྲོ་ལ་སྒྲོགས་པའི་ཉེར་འཚེ་ཡོངས་ཞི་ཤོག །
རྒྱལ་བསྟན་སྤྱི་དང་ངེས་དོན་ཡིད་བཞིན་ནོར།།
ཤེས་རབ་གསུམ་གྱི་རྒྱལ་མཚན་རྩེར་བཀོད་ནས།།
ཀུན་མཁྱེན་ལུགས་བཟང་སྐལ་བཟང་འགྲོ་ཀུན་ལ།།
ལེགས་པར་སྦྱིན་པའི་མཐུ་ནུས་མཆོག་ཐོབ་ཤོག། །།
2020-11-21 ལ་བསིལ་ཆར་གྱིས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།